ཧོང་ཀོང་གི་མང་གཙོའི་ལས་འགུལ་འགོ་ཁྲིད་སློབ་དཔོན་ཞིག་ལས་གནས་ནས་གནས་དབྱུང་བཏང་འདུག 

ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གིས། ཕྱི་ལོ་༢༠༡༤  ལོའི་ཧོང་ཀོང་གི་མང་གཙོའི་ལས་འགུལ་ཆེན་མོ་སྣེ་ཁྲིད་བྱེད་མཁན་ཁྲིམས་ལུགས་རིག་པའི་སློབ་དཔོན་བྷེ་ནི་ཏེ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་ཐག་གཅོད་བྱས་འདུག་པ་དང་། ཐག་གཅོད་དེ་ནི་རྒྱ་ནག་དབུས་གཞུང་གི་གནོན་ཤུགས་འོག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག 

ཟླ་འདིའི་ཚེས་༢༨ ཉིན་ཧོང་ཀོང་ནང་གི་གཙུག་ལག་སློབ་གཉེར་ཁང་གྲགས་ཆེ་ཤོས་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་(Hongkong University) གི་འཛིན་སྐྱོང་ལྷན་ཚོགས་ནང་ནས། ཚོགས་མི་༡༨ ཀྱིས་སློབ་གཉེར་ཁང་དེར་ཕྱི་ལོ་༡༩༩༡ ལོ་ནས་ཁྲིམས་ལུགས་རིག་པ་སློབ་ཁྲིད་བྱེད་མཁན་སློབ་དཔོན་བྷེ་ནི་ཏེ་(Benny Tai) གནས་དབྱུང་གཏོང་རྒྱུར་རྒྱབ་སྐྱོར་བྱས་འདུག་པ་དང་། ཚོགས་མི་༢ ཀྱིས་དགག་བྱ་བྱས་འདུག 

སློབ་དཔོན་ཁོང་གིས་ཕྱི་ལོ་༢༠༡༤ ལོར་ཧོང་ཀོང་གི་མང་གཙོ་ལས་འགུལ་ཆེན་མོ་སྣེ་ཁྲིད་བྱེད་མཁན་གྲས་སུ་ཡོད་པ་དང་། ཁོང་གི་ལས་འགུལ་དེ་ལ་བརྟེན་ནས་ཉི་གདུགས་ཀྱི་མང་གཙོ་ལས་འགུལ་ཆེན་མོ་བྱུང་ཡོད་འདུག་པས། ལོ་སྔོན་མའི་ཟླ་བ་༨ པའི་ནང་ཧོང་ཀོང་ཁྲིམས་ཁང་གིས་སློབ་དཔོན་ཁོང་གིས་མང་ཚོགས་ལ་སུན་གཙེར་བཟོ་ཆེད་དུ་ངན་བྱུས་དང་བརྒྱུད་སྐུལ་བྱས་ཡོད་པའི་ནག་ཉེས་བསགས་ཡོད་པའི་ཁྲིམས་ཐག་བཅད་ནས། ཟླ་བ་༡༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། གཏའ་དངུལ་སྤྲད་ནས་གློད་གྲོལ་ཐུབ་འདུག་པ་དང་ཁྲིམས་ཁང་ལ་བསྐྱར་ཞུ་བྱས་ཡོད་འདུག 

སློབ་དཔོན་ཁོང་གིས་བརྒྱུད་ལམ་ཁག་ཏུ། ཁོང་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་དེ་ནི་གཙུག་ལག་སློབ་གཉེར་ཁང་གིས་བྱས་མེད་ཁར། ཐག་གཅོད་དེ་བྱེད་མཁན་ནི་གཙུག་ལག་སློབ་གཉེར་ཁང་དེ་ལས་དབང་ཤུགས་ཆེ་བ་ཞིག་གིས་སོ་སོའི་ལས་མི་བརྒྱུད་ནས་བྱས་པ་ཡིན་པ་དང་། གནད་དོན་དེ་ལ་བརྟེན་ནས་ཧོང་ཀོང་ནང་ཤེས་ཡོན་གྱི་རང་དབང་མེད་པ་ཆགས་པའི་རྣམ་པ་མཚོན་གྱི་ཡོད ཧོང་ཀོང་གི་ཤེས་ཡོན་བསྟི་གནས་ཁང་ཁག་གི་ལས་བྱེད་ཚོས། མི་མང་ལ་རྩོད་རྙོག་ཅན་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་བརྗོད་གཞིའི་ཐོག་རྩོད་རྙོག་ཅན་གྱི་སྐད་ཆ་བཤད་པའི་རང་དབང་མེད་པ་ཆགས་ཡོད་པ། ཤེས་ཡོན་བསྟི་གནས་ཁང་ཁག་གིས་སོ་སོའི་ལས་མི་རྣམས་ཕྱི་ནང་གཉིས་ཀྱི་ཐེ་བྱུས་ལས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག 

ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ལྷན་ཚོགས་ནང་གི་ཚོགས་མི་༦ ནི་སློབ་ཁང་དེའི་རིགས་བདག་གིས་བསྐོ་གཞག་བྱེད་ཀྱི་ཡོད་འདུག་པ་དང་། རིགས་བདག་ནི་ཧོང་ཀོང་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལཱམ་ཡིན་འདུག ལོ་སྔོན་མར་སློབ་ཁང་དེའི་ཤེས་ཡོན་དང་སློབ་མའི་བདེ་སྡུག་ལྷན་ཚོགས་ཀྱིས་སློབ་དཔོན་ཁོང་གིས་བྱ་སྤྱོད་ནོར་བ་སྤེལ་ཡོད་ཀྱང་། གནས་དབྱུང་གཏོང་བའི་རྒྱུ་མཚན་འདང་ངེས་ཤིག་མེད་པའི་ཐག་གཅོད་བྱས་ཡོད་འདུག འོན་ཀྱང་སློབ་ཁང་དེའི་ལས་མི་སྟངས་འཛིན་བྱེད་མཁན་དེ་ནི་འཛིན་སྐྱོང་ལྷན་ཚོགས་ཡིན་འདུག 

གཙུག་ལག་སློབ་གཉེར་ཁང་དེས་བསྒྲགས་གཏམ་ཞིག་སྤེལ་ནས། དྲང་བདེན་དང་དོ་ནན་པོའི་ཐོག་ནས་གྲོས་སྡུར་དང་བསམ་ཞིབ་བྱས་རྗེས། འབྲེལ་ཡོད་ལས་བྱེད་དེ་གནས་དབྱུང་གཏོང་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། མང་ཚོགས་ནས་གནད་དོན་དེ་ནི་སློབ་ཁང་སྒེར་གྱི་ནང་གི་གནད་དོན་ཞིག་ཡིན་པས། སློབ་ཁང་གི་རང་དབང་ལ་གུས་བརྩི་བྱེད་པའི་རེ་བ་ཡོད་སྐོར་བརྗོད་འདུག 

སློབ་ཁང་དེའི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོས་ཐག་གཅོད་དེར་སྐྱོན་བརྗོད་བྱས་ནས། འཛིན་སྐྱོང་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་ནས་ཐག་གཅོད་དེ་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ཧོང་ཀོང་ནང་དུ་ཡོད་པའི་རྒྱ་ནག་གི་འབྲེལ་མཐུད་ལས་ཁང་གིས། གཙུག་ལག་སློབ་ཁང་དེའི་ཐག་གཅོད་ལ་དགའ་བསུ་ཆེན་པོ་ཞུས་འདུག 

སློབ་དཔོན་ཁོང་གིས་ཚེས་༢༨ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་དང་གཙུག་ལག་སློབ་ཁང་དེའི་རིགས་བདག་ལྕམ་ཁཱེ་རི་ལཱམ་ལ། ཁོང་ལས་གནས་ནས་གནས་དབྱུང་བཏང་བའི་ཐག་གཅོད་དེར་ཞུ་གཏུག་བྱས་ཡོད་ཀྱང་། གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཡིན་ཡང་། སྤྱི་ཁྱབ་དཔོན་གྱིས་ཧོང་ཀོང་ནང་ཤེས་ཡོན་གྱི་རང་དབང་བརྡལ་ཤིག་བཏང་བའི་འགན་ཁུར་ལས་གཡོལ་ཐབས་མེད་སྐོར་བསྒྲགས་འདུག 

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་དང་། དཔྱད་བརྗོད་པ་དང་ལས་འགུལ་བ་མང་པོ་ཞིག་གིས་ཁྲིམས་གསར་དེ་ནི་ཧོང་ཀོང་དེ་རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་ཀྱིས་དམ་དྲག་བྱེད་ཆེད་ཡིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་མངོན་གསལ་དོད་པོའི་ཐོག་ནས་མེད་པ་བཟོ་བཞིན་པའི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས་གནད་དོན་དེར་སྐྱོན་བརྗོད་དང་སྲིད་བྱུས་འགྱུར་བ་གཏོང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནད་དོན་དེ་ནི་ནང་སྲིད་གནད་དོན་ཡིན་པས་ཐེ་བྱུས་བྱེད་མི་རུང་བ་ནན་བརྗོད་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།