ཧོང་ཀོང་གི་མང་གཙོར་ཕྱོགས་པའི་<<ཀུ་ཤུ་ཉིན་རེའི་གསར་ཁང་>>ཉིན་ཤས་ནང་སྒོ་རྒྱག་རྒྱུའི་ཉེན་ཁར་འཕྲད་ཡོད་འདུག 

རྒྱ་ནག་གིས་མང་གཙོ་དང་རང་དབང་ལ་ཕྱོགས་པའི་ཀུ་ཤུ་ཉིན་རེའི་གསར་ཁང་(Apple Daily)གི་མ་དངུལ་བཀག་སྡོམ་བྱས་རྗེས། གསར་ཁང་དེ་ཉིན་ཤས་ནང་སྒོ་རྒྱག་དགོས་པའི་ཉེན་ཁར་འཕྲད་བཞིན་ཡོད་འདུག

ཕྱི་ཟླ་ ༦ ཚེས་ ༢༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།

ཧོང་ཀོང་གི་བྲིན་རྒྱུག་ཆེ་བའི་གསར་ཁང་དེའི་དབུ་འཛིན་རྒྱུན་ལས་ཚོས་བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་ཚོགས་འདུ་ཞིག་བསྐོངས་ནས་ཚགས་པར་འདོན་མཚམས་འཇོག་དགོས་མིན་གྱི་ཐག་གཅོད་བྱེད་འཆར་ཡོད་འདུག 

གནས་ཚུལ་འདི་ནི། རྒྱ་ནག་གཞུང་གིས་ཀུ་ཤུ་ཉིན་རེའི་གསར་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་བྱས་པའི་ཉེས་མིང་གཡོགས་ནས་མ་དངུལ་བཀག་སྡོམ་བྱས་རྗེས་སུ་བྱུང་བ་ཞིག་ཡིན་འདུག

ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་གསར་ཁང་གསར་འཛུགས་གནང་མཁན་གྱི་ཕྱུག་བདག་ཇའི་མི-ལི་(Jimmy Lai)བཙོན་ཁང་དུ་བཅུག་ཡོད་པ་མ་ཟད། སྤྱི་ཁྱབ་རྩོམ་སྒྲིག་པ་རཱན་ལོ་(Ryan Law)འདུས་པའི་མི་ལྔ་འཛིན་བཟུང་བཀག་ཉར་འོག་དུ་བཞག་ཡོད།

ཀུ་ཤུའི་ཉིན་རེའི་གསར་ཁང་ནི་མངོན་སུམ་འཛེམ་མེད་ངང་ཧོང་ཀོང་གི་རང་དབང་དང་། མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་རྣམས་ཐེར་འདོན་བྱེད་མཁན་ཞིག་ཡིན་སྟབས། རྒྱ་ནག་གིས་དེ་ནི་ལུས་ལ་ཟུག་པའི་ཚེར་མར་མཐོང་སྟེ་ན་ནིང་གཏན་ལ་ཕབ་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་འོག་མེད་པ་བཟོ་བཞིན་ཡོད།

སྔོན་ཆད་གོ་ལའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཧོང་ཀོང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་དང་། རང་སྲིད་རང་སྐྱོང་གི་ཚད་མཐོན་པོ་ཡོད་མྱོང་ན་ཡང་། རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་ ༦ པའི་ནང་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེ་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ། མང་གཙོར་ཁ་ཕྱོགས་པའི་གསར་འགོད་པ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་སྤྱད་ཀྱི་ལག་ཆར་སྤྱོད་བཞིན་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།