ཧོང་ཀོང་གི་མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་གསར་ཁང་སྒོ་བརྒྱབ་འདུག

ཧོང་ཀོང་ནང་དུ་མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་ཀུ་ཤུ་ཉིན་རེའི་གསར་ཁང་ལ། རྒྱ་ནག་དང་ཧོང་ཀོང་གཞུང་གཉིས་ཀྱིས་གནོན་ཤུགས་འདྲ་མིན་སྤྲད་ནས། མཐའ་མ་དེར་གསར་ཁང་དེ་སྒོ་རྒྱག་དགོས་པ་ཁེལ་བ་དང་། ཧོང་ཀོང་མི་མང་གིས་གསར་ཁང་དེར་རྒྱབ་སྐྱོར་མཚོན་ཆེད་དུ་ཚགས་པར་འདོན་ཐེངས་མཐའ་མ་དེར་ཉོ་བར་སླེབས་མཁན་ཧ་ཅང་མང་པོ་ཡོད་འདུག

ཟླ་༦ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༣ ཉིན་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་གིས་གསར་ཁང་དེ་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ནས། ཚེས་༢༤ ཉིན་གསར་ཁང་དེའི་ཚགས་ཤོག་འདོན་ཐེངས་མཐའ་མ་དེར་འགྲེམས་སྤེལ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གིས་གསར་ཁང་དེས་བཙན་དབང་ཐོག་ནས་གཏན་འབེབས་དང་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེར་འགལ་ཡོད་ཚུལ་བརྗོད་ནས། བསྔོགས་བཤེར་དང་ལས་བྱེད་རྒན་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་ཁར། གསར་ཁང་དང་འབྲེལ་བའི་དངུལ་ཁང་དང་རྒྱུ་དཔལ་འབྱོར་གཞན་རྣམས་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་འདུག དེ་བཞིན་གསར་ཁང་གི་བདག་པོ་དང་གསར་འཛུགས་བྱེད་མཁན་ཕྱུག་བདག་ཇཱི་མཱི་ལེ་ནི་སྔོན་ཚུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འོག་ཏུ་བཀག་ཉར་འོག་ཡོད་པ་རེད་འདུག

གསར་ཁང་དེས་ཚེས་༢༣ ཉིན་སྒོ་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་རྗེས། ཆར་པའི་དཀྱིལ་དུ་གསར་ཁང་དེར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གསར་ཁང་དེའི་ལས་ཁུངས་ཕྱི་ལོགས་སུ་སླེབས་ནས། ཁ་པར་གྱི་གློག་སྤར་ནས་རྒྱབ་སྐྱོར་གྱི་སྐད་འབོད་བྱས་ཡོད་འདུག ཚེས་༢༤ ཉིན་གསར་ཁང་དེའི་ཚགས་ཤོག་འདོན་ཐེངས་མཐའ་མ་དེ་གྲངས་ས་ཡ་༡ པར་སྐྲུན་བྱས་ཡོད་འདུག་པ་དང་། ཞོགས་པ་སྔ་པོ་ནས་ཚགས་ཤོག་བཙོང་ཡུལ་གྱི་ས་ཚིགས་ཁག་ཏུ། མི་མང་བང་རིང་པོ་བསྒྲིགས་ནས་འདོན་ཐེངས་མཐའ་མ་དེ་ཉོ་བར་སླེབས་ཡོད་ཁར། ཞོགས་པའི་ཆུ་ཚོད་༡༠ པ་ཙམ་ལ་ས་ཚིགས་མང་པོ་ཞིག་ཏུ་ཚགས་ཤོག་ཚང་མ་བཙོང་ཟིན་ཡོད་འདུག

འདོན་ཐེངས་མཐའ་མ་དེའི་འགོ་བརྗོད་དུ་གསར་ཁང་དེར་རྒྱབ་སྐྱོར་བྱེད་མཁན་ཚོར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་རེད་འདུག

ཧོང་ཀོང་གི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོས། གྲོང་ཁྱེར་དེའི་སྨྲ་བརྗོད་རང་དབང་ལ་སེམས་ཚབས་ཆེན་པོ་ཡོད་སྐོར་བརྗོད་པ་དང་། གསར་འགོད་རང་དབང་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ལ་ཧོང་ཀོང་གཞུང་གིས་ཁས་ལེན་བྱས་མེད་ཁར། ཁོ་ཚོས་གསར་ཁང་དེ་སྒོ་རྒྱག་རྒྱུར་བཙན་སྐུལ་བྱས་མེད་སྐོར་བརྗོད་འདུག

རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གིས་བརྗོད་དོན་ལྟར་ན། གསར་ཁང་དེས་ཕྱི་ལོ་༢༠༡༩ ལོ་ནས་རྒྱ་ནག་དང་ཧོང་ཀོང་ལ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་ཉེས་ཆད་གཏོང་བའི་དགོས་འདུན་བཏོན་པའི་རྩོམ་ཡིག་དང་གནས་ཚུལ་༣༠ ལྷག་པར་སྐྲུན་བྱས་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།