ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་བཏང་བར་རྒྱ་ནག་ལ་ཨོ་སི་ཁྲུ་ལི་ཡས་སྐྱོན་བརྗོད།
ཨོ་སི་ཁྲུ་ལི་ཡའི་ཕྱི་སྲིད་བློན་ཆེན་མེ་རཱ་སི-ཕན་(Marise Payne) གྱིས་རྒྱ་ནག་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་བཏང་བ་དེས། ཧོང་ཀོང་གི་མང་གཙོ་ཞན་དུ་བཏང་བ་རེད་ཅེས་བརྗོད་དེ་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག
ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གྲོས་ཚོགས་ནས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་བཏང་ནས་“རྒྱལ་གཅེས་པ་རྣམས་”ལ་འགན་དབང་སྤྲོད་པའི་གྲོས་འཆར་ལ་མང་མོས་རྒྱབ་སྐྱོར་བྱས་ནས་དངོས་སུ་གཏན་ལ་ཕབ་པར་བརྟེན། དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཁྲུ་ལི་ཡའི་ཕྱི་སྲིད་བློན་ཆེན་རཱ་སི-ཕན་(Marise Payne) གྱིས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་འདུག
ཨོ་སི་ཁྲུ་ལི་ཡའི་བུད་མེད་ཕྱི་སྲིད་སྲིད་བློན་ཁོང་གིས་“ཧོང་ཀོང་མི་མང་ལ་གཞི་རྩའི་ཆབ་སྲིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་སའི་བརྒྱུད་ལམ་ཞིག་དགོས་པ་དེ་ཤིན་ཏུ་གལ་གནད་ཆགས་ཡོད་”ཅེས་བརྗོད་དེ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་མང་གཙོའི་གཞི་རྩ་སྟེ་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་བཏང་བར་སྐྱོན་བརྗོད་བྱས་འདུག
དེ་བཞིན་ཨ་རིས་ཀྱང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་བྱ་སྤྱོད་དེར་ཁ་རྡུང་བཏང་བ་མ་ཟད། བདུན་ཕྲག་རྗེས་མའི་ཨ་རྒྱའི་འགོ་ཁྲིད་མཐོ་ཤོས་བར་གྱི་ཐུག་འཕྲད་སྐབས། ཨ་རིའི་ངོས་ནས་“ཡུ་གུར་མི་རིགས་རྩ་མེད་”དང་འབྲེལ་བའི་གནད་དོན་དེ་གླེང་སློང་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག
ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། ཟླ་འདིའི་ཚེས་༡༨ དང་༡༩ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་སྟོན་པ་གཉིས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཐུག་འཕྲད་བྱེད་སྐབས། “ཐའེ་ཝན་གྱི་གནད་དོན་དམ། ཧོང་ཀོང་གི་མང་གཙོ་བསྐྱར་གསོ་བྱེད་ཐབས་སམ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་ལམ་དང་འབྲེལ་བའི་སེམས་འཚབ་”སོགས་གནད་དོན་གང་ལ་ཐུག་ཀྱང་ཕྱིར་ནུད་བྱེད་རྒྱུ་མ་རེད་ཅེས་འགྲེལ་བརྗོད་བྱས་པའི་ཐོག “ཡུ་གུར་མི་རིགས་རྩ་མེད་དང་འབྲེལ་བའི་གནད་དོན་དེ་བདུན་ཕྲག་རྗེས་མར་རྒྱ་ནག་གི་དཔོན་པོ་དང་གྲོས་མོལ་བྱེད་རྒྱུའི་བརྗོད་གཞི་ཞིག་ཡིན་”ཞེས་བསྣན་འདུག
རྒྱ་ནག་གིས་ན་ནིང་ཕྱི་ཟླ་༦ པར་མང་གཙོའི་ལས་འགུལ་བ་དང་ཕྱོགས་འགལ་ཆབ་སྲིད་མི་སྣ་དག་གི་ཐོག་ཏུ་བེད་སྤྱོད་གཏོང་ཆོག་པའི་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་མ་ཟད། ཁ་སང་ཧོང་ཀོང་གི་མང་གཙོའི་འོས་བསྡུའི་ལམ་ལུགས་དངོས་སུ་སྒྱུར་བཅོས་གཏོང་རྒྱུའི་གཏན་འབེབས་བྱས་ཏེ་ཧོང་ཀོང་གི་རང་དབང་དང་། མང་གཙོ་རྨང་ནས་རྩ་མེད་བཏང་དང་གཏོང་བཞིན་ཡོད་པས། མང་གཙོའི་རྒྱལ་ཁབ་ཚོས་རྒྱ་ནག་གི་གཞན་ལ་བསྟུན་ཐབས་མི་བྱེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་སེམས་འཚབ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།