ཧོང་ཀོང་གི་རྩ་ཁྲིམས་ལ་རྒྱ་ནག་གི་འགྲེལ་བརྗོད།

ཉེ་བའི་ཆར་རང་བཙན་དོན་གཉེར་བ་ཧོང་ཀོང་གྲོས་ཚོགས་འཐུས་མི་གཉིས་ཀྱིས་གྲོས་ཚོགས་ཀྱི་དམ་འབུལ་ཚིག་བཅོས་བསྒྱུར་བཏང་བ་དང་། དེ་རྗེས་ཧོང་ཀོང་གི་རྩ་ཁྲིམས་ལ་རྒྱ་ནག་གིས་དོན་འགྲེལ་གཏན་ལ་ཕབ་ནས། འཐུས་མི་དེ་གཉིས་གྲོས་ཚོགས་ཀྱི་ལས་གནས་ལ་ཞུགས་རྒྱུར་བཀག་སྡོམ་བྱས་ཡོད་འདུག

14958364_1307226612634538_1977401919_nདེ་ཡང་ཟླ་འདིའི་ཚེས་༧ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཀྱིས་སྤྱི་མོས་ཐོག་ནས་ཧོང་ཀོང་གི་རྩ་ཁྲིམས་ཀྱི་གཞི་རྩའི་ཁྲིམས་དོན་ཚན་༡༠༤ ཡི་དོན་འགྲེལ་གཏན་ལ་ཕབ་ཡོད་འདུག དེ་ཡང་ཁྲིམས་དེའི་ནང་གྲོས་ཚོགས་འཐུས་མི་དང་ཁྲིམས་དཔོན། སྤྱི་ཁྱབ་མི་སྣ། དེ་བཞིན་མཐོ་རིམ་དཔོན་པོ་སོགས་ཀྱིས་ཁྲིམས་དང་མཐུན་པའི་ཐོག་ནས། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་འཛིན་སྐྱོང་མངའ་ཁུལ་ཧོང་ཀོང་ལ་ལར་ཞེན་བྱེད་རྒྱུའི་དམ་བཅའ་འཇོག་དགོས་ཞེས་པ་དེ་ལས། ཁྲིམས་དང་མཐུན་པ་ཞེས་པ་དེའི་དོན་འགྲེལ་གཏན་ལ་ཕབ་འདུག་པ་དང་། དོན་འགྲེལ་ལ་གཞིགས་ན་ སྤྱི་པའི་ལས་གནས་ལ་ཞུགས་པར་དམ་འབུལ་བྱེད་རྒྱུ་དེ་ནི་ཁྲིམས་ཐོག་ནས་དགོས་ངེས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་། རྩ་ཁྲིམས་དགོངས་དོན་ལྟར་དམ་འབུལ་གྱི་ནང་དོན་སོགས་ཀྱི་ཚིག་རྣམས་ཆ་ཚང་བ་དང་། ཇི་མ་ཇི་བཞིན། ཚུལ་དང་ལྡན་པའི་ཐོག་ནས་ཀློག་དགོས་ཞེས་དང་། དེ་བཞིན་དམ་འབུལ་བ་ཚོས་དམ་བཅའ་འབུལ་བར་འདོད་མོས་མ་བྱས་ཚེ། དེ་དག་གིས་སླར་ཡང་དམ་འབུལ་བྱེད་མི་ཆོག་པ་དང་སྤྱི་པའི་ལས་གནས་ལ་ཞུགས་མི་ཆོག་ཅེས་བཀོད་ཡོད་འདུག་པ་དང་། དམ་འབུལ་ལ་འདོད་མོས་མ་བྱས་པ་ཟེར་བ་དེ་ནི་ཆེད་དུ་མངགས་ནས་བཅོས་བསྒྱུར་བྱས་པའི་དམ་འབུལ་གྱི་ཚིག་ཀློག་པའམ་དམ་འབུལ་ཚུལ་དང་མ་ལྡན་པའི་ཐོག་ནས་ཀློག་པ་ལ་གོ་ཡི་ཡོད་འདུག

དེ་སྔོན་གྲོས་ཚོགས་ཀྱི་དམ་འབུལ་སྐབས། ཧོང་ཀོང་རང་བཙན་དོན་གཉེར་བ་གཉིས་ཀྱིས་དམ་འབུལ་གྱི་ཚིག་བཅོས་སྒྱུར་ཐོག་ནས་དམ་འབུལ་བྱས་པར་རྩིས་མེད་དུ་བརྩིས་ནས། སླར་ཡང་དམ་འབུལ་བྱེད་པར་རྒྱ་ནག་ཕྱོགས་གཏོགས་ཀྱི་ཧོང་ཀོང་གྲོས་ཚོགས་མི་སྣས་དགག་པ་བྱས་པ་སོགས་ཀྱི་རྙོག་གྲ་ལངས་ཡོད་པ་རེད་ལ། ཁོ་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་དམ་འབུལ་སླར་ཡང་བྱེད་དུ་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ཧོང་ཀོང་གི་ཁྲིམས་ཁང་ནང་གནས་ཚུལ་དེ་དང་འབྲེལ་ནས་ཁྲིམས་གཏུགས་བྱེད་བཞིན་ཡོད་ཀྱང་། ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་གི་ཁྲིམས་བཟོ་ལྷན་ཚོགས་ཏེ་རྒྱ་ནག་མི་མང་འཐུས་ཚོགས་ཀྱིས་གཏན་ལ་ཕབ་པའི་དོན་འགྲེལ་དེ་ལས། ཁོ་གཉིས་དམ་འབུལ་སླར་ཡང་བྱེད་རྒྱུ་མེད་པ་ཆགས་ཀྱི་ཡོད་པ་དང་གྲོས་ཚོགས་ཀྱི་འཐུས་མིའི་ལས་གནས་ལ་ཞུགས་རྒྱུ་མེད་པ་རེད་འདུག

ཧོང་ཀོང་ནང་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་མགྲིན་ཚབ་པས། དོན་འགྲེལ་དེ་ནི་རྩ་ཁྲིམས་ནང་དུ་ཡོད་པའི་རྒྱ་ནག་གི་ལས་འགན་འགྲུབ་ཆེད་དུ་ཡིན་པ་དང་། ཐག་གཅོད་དེ་ནི་དུས་དང་མཐུན་པ་དང་དགོས་ངེས་ཞིག་ཡིན་པས། ཧོང་ཀོང་གི་མང་ཚོགས་སྤྱི་ནས་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་སྐོར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གི་ཉམས་ཞིབ་པ་མཱ་ཡ་ཝང་གིས་བྱེད་ཕྱོགས་དེས་ཧོང་ཀོང་མི་མང་ལ་ཁུལ་དེའི་རང་སྐྱོང་དེ་མེད་པ་ཆགས་བཞིན་ཡོད་པའི་བརྡ་ལན་རྣོ་ངར་ལྡན་པ་ཞིག་ཡིན་པ་དང་། རྒྱ་ནག་རྒྱལ་ཡོངས་འཐུས་མིས་ཧོང་ཀོང་གི་རྩ་ཁྲིམས་དོན་འགྲེལ་གཏན་ལ་ཕབ་པ་དེ་ནི། ཧོང་ཀོང་གྲོས་ཚོགས་ནང་རྒྱ་ནག་ལ་ཁ་གཏད་གཅོག་མཁན་མེད་པར་བཟོ་བའི་ལས་འགུལ་ཞིག་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཚེས་༤ ཉིན་ཧོང་ཀོང་གཞུང་གིས་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱིས་ཧོང་ཀོང་གི་ཁྲིམས་ལ་དོན་འགྲེལ་རྒྱག་རྒྱུའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་ཁས་ལེན་བྱས་སྐབས། རྒྱ་ནག་ཕྱོགས་གཏོགས་ཧོང་ཀོང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་འདུག་པ་དང་། ཟླ་འདིའི་ཚེས་༦ ཉིན་རྒྱ་ནག་གི་དོན་གཅོད་ཁང་མདུན་དུ། མི་མང་སྟོང་ཕྲག་མང་པོས་ཀྱིས་ངོ་རྒོལ་བྱས་འདུག་པས། ཉེན་རྟོག་པ་དང་གདོང་ཐུག་བྱུང་ཡོད་འདུག

ད་བར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྩ་ཁྲིམས་ལ་དོན་འགྲེལ་ཐེངས་ལྔ་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།