ཧོང་ཀོང་གི་སློབ་གྲྭ་ཁག་ལ་ཆབ་སྲིད་དམ་དྲག
ཧོང་ཀོང་ཤེས་ཡོན་ལྷན་ཁང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་། སློབ་གྲྭ་ཁག་གི་དགེ་རྒན་གྱིས་རང་བཙན་གྱི་ལྟ་བ་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་གྱི་ཧོང་ཀོང་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཧོང་ཀོང་ནང་རྒྱ་ནག་གི་མངའ་ཁོངས་ལས་ཐོན་ཏེ་རང་བཙན་རྒྱལ་ཁབ་ཅིག་བྱེད་པའི་ལྟ་བར་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། བདུན་ཕྲག་སྔོན་མར་ཧོང་ཀོང་ཤེས་ཡོན་ལྷན་ཁང་གིས། སློབ་གྲྭའི་ནང་དགེ་རྒན་ཚོས་ཧོང་ཀོང་གི་རང་བཙན་ལྟ་བར་རྒྱབ་སྐྱོར་ཐོག་ཁྱབ་སྤེལ་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་དགེ་རྒན་དོ་བདག་གི་སློབ་ཁྲིད་ཆོག་པའི་ལག་ཁྱེར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག དེ་དང་མཉམ་དུ་སློབ་གྲྭ་ཁག་ནང་ཁ་བྲལ་གྱི་ལས་འགུལ་སྤེལ་མི་ཆོག་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་འདུག
ཉེ་བའི་ཆར་ཧོང་ཀོང་གི་སློབ་གྲྭ་༡༧ ཙམ་གྱི་སློབ་ཕྲུག་མཉམ་ཞུགས་ཡོད་པའི་སློབ་ཕྲུག་ཚོགས་པ་གཙོས་པའི་སློབ་ཕྲུག་ཚོགས་པ་གཞན་ཁག་ཅིག་གིས། ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་དང་། ཧོང་ཀོང་ཤེས་ཡོན་ལྷན་ཁང་གི་ཉེན་བརྡ་དེར་ངོ་རྒོལ་བྱས་ནས། ཚོགས་པ་དེའི་ངོ་དེབ་སྟེང་དུ། ཤེས་ཡོན་ལྷན་ཁང་གིས་ཧོང་ཀོང་རང་བཙན་གྱི་ཁྱབ་བསྒྲགས་ཆེ་རུ་བཏང་བར་དགའ་སྤོབས་ཡོད་པ་དང་། ཁོ་ཚོས་སྡིགས་ར་ལ་སློབ་ཕྲུག་ཚོས་མགོ་བཏགས་བྱེད་མི་ཉེན་པ། དེ་བཞིན་འབྲེལ་ཡོད་དཔོན་རིགས་ཚོས་དགེ་རྒན་གྱི་ལག་ཁྱེར་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མཐུད་སྦྱོར་བྱས་པ་ནི་དགོད་བྲོ་བ་དང་གནས་ལུགས་མེད་སྐོར་སོགས་བཀོད་ཡོད་འདུག
དེ་སྔོན་རྒྱ་ནག་གི་ཧོང་ཀོང་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཞིག་གིས་བརྒྱུད་ལམ་ཁག་ལ། ཧོང་ཀོང་རང་བཙན་ལས་འགུལ་དེ་ཁྲིམས་དང་འགལ་བ་ཡིན་རུང། ད་བར་རྒྱ་གཞུང་གིས་ལན་འདེབས་ཀྱི་བྱ་སྤྱོད་སྤེལ་མེད་པ་རེད། འོན་ཀྱང་ལས་འགུལ་དེ་ཚད་ལས་བརྒལ་བ་འགྲོ་ཡི་ཡོད་པ་གཞུང་གིས་མཐོང་གི་ཡོད་པས། ལས་འགུལ་དེ་ཁྲིམས་བཟོ་དང་། སློབ་གྲྭ་ཁག་ནང་ཁྱབ་སྤེལ་མི་འགྲོ་བ་བྱེད་དགོས་སྐོར་བཤད། དེ་རྗེས་ཧོང་ཀོང་ཤེས་ཡོན་ལྷན་ཁང་གིས་བསྒྲགས་གཏམ་དེ་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་གནོན་ཤུགས་ཡོད་པ་གསལ་པོ་ཡིན་སྐོར་བརྗོད་མཁན་མང་པོ་འདུག
ཟླ་འདིའི་ཚེས་༥ ཉིན་ཧོང་ཀོང་མི་མང་སྟོང་ཕྲག་ཁ་ཤས་ཀྱིས་ཧོང་ཀོང་ལ་རང་བཙན་དགོས་པའི་མངོན་འདོད་སྟོན་ཆེད་རྔམས་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཟླ་འདིའི་ཚེས་༡༠ ཉིན་ཧོང་ཀོང་རང་དབང་རང་དབང་གསར་ཤོག་སྟེང། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གི་དུས་དེབ་ཅིག་སྟེང་དུ། སློབ་ཕྲུག་ནང་ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༦༡ ཡོད་པའི་བསམ་ཤོག་བསྡུ་ལེན་གྱི་སྙན་ཐོ་ཞིག་བཏོན་པའི་གནས་ཚུལ་སྤེལ་ཡོད་པ་དང་། ཉེ་བའི་ཆར་ཧོང་ཀོང་ནང་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། རྒྱ་གཞུང་གིས་ཧོང་ཀོང་གི་འཛིན་སྐྱོང་དཔོན་རིགས་ཚོར་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།