ཧོང་ཀོང་གི་སློབ་གྲྭའི་སློབ་དེབ་ཐོག་ཏུ་ཆབ་སྲིད་ཀྱི་ཞིབ་བཤེར་ལས་དོན་ཆེན་པོ་འགྲོ་བཞིན་ཡོད་འདུག
ཧོང་ཀོང་གི་ཤེས་ཡོན་ལྷན་ཁང་ནས་སློབ་གྲྭའི་སློབ་དེབ་རྣམས་ཀྱི་ནང་དུ། མང་གཙོ་དང་མི་མང་གི་ངོ་རྒོལ། དབང་ཆ་ཆ་བགོས། གནམ་སྡེ་སྒོ་མོའི་དམར་གསོད་དོན་རྐྱེན་སོགས་ཀྱི་ཐོག་ཏུ་སློབ་ཚན་མེད་པ་བཟོས་བའམ་སྒྱུར་བཅོས་བཏང་བར་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག་པས། སློབ་དེབ་རྣམས་གཞུང་གི་དྲིལ་བསྒྲགས་ལག་ཆར་སྒྱུར་བཞིན་པའི་སྐྱོན་བརྗོད་བྱས་འདུག
ཟླ་༨ པའི་ཚེས་༢༣ ཉིན་ཧོང་ཀོང་རང་དབང་གསར་ཤོག་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཧོང་ཀོང་གི་ཡར་ཐོན་དགེ་རྒན་མཐུན་ཕྱོགས། ཧོང་ཀོང་ཤེས་ཡོན་ལས་མིའི་མཐུན་ཕྱོགས། ཧོང་ཀོང་མི་མང་གི་ཤེས་ཡོན་རྒྱབ་སྐྱོར་དང་འཕེལ་རྒྱས་བཅས་ཚོགས་པ་གསུམ་གྱིས། ཧོང་ཀོང་ཤེས་ཡོན་ལྷན་ཁང་གི་དྲུང་ཆེར་ཡོངས་ཁྱབ་འཕྲིན་ཡིག་གཅིག་བཏང་ནས། སློབ་གྲྭ་ཁག་གི་སློབ་དེབ་ནང་ཆབ་སྲིད་ཀྱི་ཞིབ་བཤེར་བྱེད་རྒྱུ་མཚམས་འཇོག་དགོས་པའི་རེ་སྐུལ་དང་། དེ་བཞིན་ཉེ་ཆར་གསར་འཛུགས་བྱས་པའི་སློབ་དེབ་ཁག་ལ་བསྐྱར་ཞིབ་བྱེད་མཁན་ཆེད་ལས་སློབ་སྟོན་ཞབས་ཞུ་ཁང་གི་སྐོར་ཞིབ་ཕྲ་ཕྱིར་བསྒྲགས་བྱེད་དགོས་པའི་རེ་སྐུལ་བྱས་འདུག
དེ་ཡང་ཧོང་ཀོང་གི་གཙུག་ལག་སློབ་གཉེར་ཁང་ཁག་གི་ཚུད་རྒྱུགས་ཀྱི་སློབ་ཚན་གཙོ་བོ་ཁག་གི་ནང་དུ། གུ་ཡངས་རིག་གནས་(Liberal Studies) ཞེས་པའི་སློབ་ཚན་གསར་པ་ཞིག་ཕྱི་ལོ་༢༠༠༩ ལོར་གསར་དུ་ངོ་སྤྲོད་བྱས་ཡོད་འདུག་པ་དང་། དེ་དང་བསྟུན་ནས་སློབ་གྲྭ་ཁག་གི་ནང་དུ་སློབ་ཚན་དེའི་སློབ་ཁྲིད་བྱེད་ཀྱི་ཡོད་ཁར། སློབ་ཚན་དེའི་ཐོག་སློབ་དེབ་པར་སྐྲུན་པ་མི་འདྲ་བ་ཡང་ཡོད་འདུག སློབ་ཚན་དེའི་དམིགས་ཡུལ་ནི་སློབ་ཕྲུག་རྣམས་ཀྱི་བསམ་ཞིབ་བརྟག་དཔྱད་བྱེད་པའི་ནུས་པ་དང་སྤྱི་ཚོགས་ཐོག་གོ་རྟོགས་གོང་འཕེལ་གཏོང་ཆེད་ཡིན་འདུག འོན་ཀྱང་ཧོང་ཀོང་ནང་རྒྱ་ནག་གི་མཐུན་ཕྱོགས་སྲིད་དོན་མི་སྣ་ཚོས། སློབ་ཚན་དེར་དགག་བྱ་ཆེན་པོ་བྱེད་བཞིན་ཡོད་ཁར། ལོ་སྔོན་མའི་ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་ཆེན་མོ་འགོ་འཛུགས་བྱས་པ་ནས་བཟུང་། སྲིད་དོན་མི་སྣ་དེ་ཚོས་སློབ་ཚན་དེས་སློབ་ཕྲུག་རྣམས་ངོ་རྒོལ་ནང་མཉམ་ཞུགས་བྱེད་པར་སེམས་ཤུགས་སྤར་གྱི་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལཱམ་གྱིས་ཟླ་༥ པའི་ནང་རྩོད་རྙོག་ཅན་གྱི་སློབ་ཚན་དེར་སྟངས་འཛིན་བྱེད་པའི་ཐབས་ལམ་གསལ་བསྒྲགས་བྱེད་རྒྱུ་ཡིན་པའི་ཁས་ལེན་ཡང་བྱས་ཡོད་འདུག
ཧོང་ཀོང་ནང་གི་དགེ་རྒན་དང་ཤེས་ཡོན་ཐོག་ལས་ཀ་བྱེད་མཁན་ཚོས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་མགོ་བཙུགས་རྗེས། ཧོང་ཀོང་ཤེས་ཡོན་ལྷན་ཁང་གིས་སློབ་གྲྭའི་སློབ་དེབ་བསྐྱར་ཞིབ་བྱེད་མཁན་ཆེད་ལས་ལམ་སྟོན་ཞབས་ཞུ་ཁང་ཞེས་པ་ཞིག་གསར་འཛུགས་བྱས་འདུག་པ་དང་། སློབ་དེབ་པར་སྐྲུན་ཁང་ཚོས་དང་བླངས་ཐོག་ནས་སློབ་དེབ་རྣམས་བསྐྱར་ཞིབ་ཆེད་ཞབས་ཞུ་ཁང་དེར་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག བསྐྱར་ཞིབ་བྱས་རྗེས་སློབ་དེབ་དེ་དག་ཤེས་ཡོན་ལྷན་ཁང་གི་དྲ་ཐོག་ཏུ་རྒྱབ་སྐྱོར་ཡོད་པའི་སློབ་དེབ་ཀྱི་ཐོ་གཞུང་ནང་འཇོག་གི་ཡོད་འདུག དེ་ཡང་བསྐྱར་ཞིབ་ཀྱི་ལས་དོན་ལ་བརྟེན་ནས། ཧོང་ཀོང་ནང་གི་པར་སྐྲུན་ཁང་༦ གིས་གུ་ཡངས་རིག་གནས་ཀྱི་སློབ་དེབ་ནང་བརྗོད་བྱ་བསྐྱར་ཞིབ་བྱས་ཡོད་འདུག བསྐྱར་ཞིབ་བྱས་པའི་སློབ་དེབ་ཁག་གི་ནང་དུ་ཧོང་ཀོང་མི་མང་གིས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་པ་ཕྱིར་འཐེན་བཏང་ཡོད་ཁར། དེ་བཞིན་དབང་ཆ་ཆ་བགོས་དང་། ཧོང་ཀོང་ཉེན་རྟོག་པས་ངོ་རྒོལ་བ་ཚོའི་ཐོག་དྲག་སྤྱོད་དང་འབྲེལ་བའི་བརྗོད་ཚིག་རྣམས་ཕྱིར་འཐེན་བྱས་ཡོད་འདུག
ཧོང་ཀོང་ཤེས་ཡོན་ལྷན་ཁང་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱེད་མཁན་ཚོས། ལྷན་ཁང་དེས་སློབ་དེབ་ཀྱི་ཚད་གཞི་ཡར་རྒྱས་གཏོང་གི་ཡོད་ཚུལ་བརྗོད་ནས། དོན་དངོས་སུ་ཆབ་སྲིད་ཀྱི་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། དེ་ནི་སློབ་ཕྲུག་རྣམས་ཀྱི་བསམ་བློའི་རང་དབང་བཀག་འགོག་བྱེད་ཆེད་ཡིན་པ། སློབ་དེབ་རྣམས་གཞུང་གི་དྲིལ་བསྒྲགས་ལག་ཆར་སྒྱུར་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག ལས་འགུལ་བ་ཞིག་གིས་སློབ་མ་ཚོས་སློབ་དེབ་རྙིང་པ་དེར་བལྟ་ཀློག་བྱེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
དེ་བཞིན་སློབ་དེབ་དེ་དག་ནང་དུ་གནམ་སྡེ་སྒོ་མོའི་དམར་གསོད་དོན་རྐྱེན་དང་འབྲེལ་བའི་སློབ་ཚན་ཕྱིར་འཐེན་བྱས་ཡོད་འདུག དེ་སྔོན་ཟླ་༧ པའི་ནང་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་དང་གྲོས་ཚོགས་འཐུས་མི་ཞིག་སོགས་ཀྱིས་བྲིས་བའི་མང་གཙོ་ལ་རྒྱབ་སྐྱོར་གྱི་དེབ་ཁག་ཅིག གྲོང་ཁྱེར་དེའི་དཔེ་མཛོད་ཁང་ཁག་གི་ནང་ནས་ཕྱིར་འཐེན་གྱིས་ཀློག་པ་པོ་ཚོར་གཡར་རྒྱུ་མེད་པ་བཟོས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།