ཧོང་ཀོང་གིས་ཕྱི་ལོ་གསར་པ་ངོ་རྒོལ་གྱིས་བསུས་འདུག
༢༠༢༠ ལོའི་ཉིན་དང་པོར་ཧོང་ཀོང་གི་མི་མང་ས་ཡ་བརྒལ་བ་སྲང་ལམ་དུ་དོན་ནས་ངོ་རྒོལ་བྱས་པ་དང། ཉེན་རྟོག་པ་དང་ངོ་རྒོལ་བའི་བར་དྲག་པོའི་གདོང་ཐུག་བྱུང་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་མང་གཙོའི་ངོ་རྒོལ་བ་རྣམས་ཀྱིས་ཕྱི་ལོ་གསར་པའི་ཚེས་གཅིག་ཉིན་གཞི་རྒྱ་ཆེ་བའི་ངོ་རྒོལ་ཞིག་སྤེལ་ནས་གཞུང་ལ་ཁོ་ཚོའི་དགོས་འདུན་གཅིག་ཀྱང་མ་ལུས་པ་སྐོང་བའི་དགོས་འདུན་བཏོན་ཡོད་འདུག
ཉིན་དེར་ངོ་རྒོལ་བ་ཁྲི་ཕྲག་མང་པོས་ངོ་རྒོལ་གྱི་མཚོན་རྟགས་སུ་གྱུར་བའི་གོས་ནག་པོ་གྱོན་ཏེ། ཝིག་ཏྲོ་རི་ཡ་སྤྱི་གླིང་(Victoria Park)ཞེས་པའི་ས་གནས་ནས་མར་ཧོང་ཀོང་གྲོང་ཁྱེར་གྱི་ལྟེ་བའི་ཚོང་རྭ་ཕྱོགས་སུ་ཞི་བའི་ངང་གོམ་བགྲོད་བྱེད་འགོ་བརྩམས་པ་དང་། སྐད་གསང་མཐོན་པོས“དྲག་གནོན་ལ་མ་འཇིགས། ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་དགོས། ཉེན་རྟོག་པའི་གདུག་རྩུབ་ལ་ཞིབ་འཇུག་དགོས”ཞེས་སྐད་འབོད་བརྒྱབས་ཡོད་འདུག
མི་མང་ས་ཡ་ལྷག་གི་ངོ་རྒོལ་དེ་ཐོག་མར་ཞི་བའི་ངང་འགོ་ཚུགས་མོད། འོན་ཀྱང་ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་དུ་གདོང་ཐུག་བྱུང་སྟེ། ཉེན་རྟོག་པས་ངོ་རྒོལ་བ་ཚོ་ལ་དུག་རླངས་དང་དུག་ཆུ་གཏོར་ནས་དྲག་གནོན་བྱས་པ་མ་ཟད། ས་རུབ་པའི་སྐབས་སུ་ངོ་རྒོལ་བ་ ༤༠༠ ཡས་མས་ཤིག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག
ལོ་གསར་གྱི་ངོ་རྒོལ་འདིའི་ནང་ལོ་ན་ཆེ་ཆུང་སྣ་ཚོགས་ཀྱི་ལས་འགུལ་བ་རྣམས་མཉམ་ཞུགས་བྱས་འདུག་པ་མ་ཟད། ངོ་རྒོལ་བའི་ཁྲོད་ནས་འགའ་ཤས་ཀྱིས“ཧོང་ཀོང་རང་བཙན་ཡིན”ཞེས་པའི་འཕྲེད་དར་ཡང་ཕྱར་ནས་ཧོང་ཀོང་ནི་རྒྱ་ནག་ལས་ཡོངས་སུ་ཐ་ཐད་ཡིན་པའི་རྣམ་འགྱུར་བསྟན་ཡོད་འདུག
ཧོང་ཀོང་མི་མང་གི་ལས་འགུལ་འདི་ཐོག་མར་ལོ་སྔོན་མའི་ཕྱི་ཟླ་ ༦ ནང་འབྱུང་འགོ་ཚུགས་ཏེ་ད་ལྟ་ཟླ་བ་བདུན་མ་ཟིན་ཙམ་འགྲོ་བཞིན་ཡོད་ཅིང་། དུས་ཡུན་དེའི་རིང་མི་མང་བརྒྱ་ཕྲག་རེ་ཟུང་གིས་ངོ་རྒོལ་བྱས་པ་ནས་ས་ཡ་ ༢ ཙམ་གྱིས་ཞི་རྒོལ་བྱས་པའི་བར་ཁྱོན་སྡོམ་ངོ་རྒོལ་གྱི་རྣམ་པ་མི་འདྲ་བ་ ༡,༠༠༠ ལྷག་བྱུང་ཡོད་འདུག
དུས་ཡུན་རིང་བའི་ངོ་རྒོལ་འདི་ཐོག་མར་ཉེས་ཅན་པ་རྩིས་སྤྲོད་བྱེད་པའི་ཁྲིམས་འཆར་ཞིག་ལ་བརྟེན་ནས་བྱུང་ཡང་། དེ་ནས་གཞི་རྒྱ་ཇེ་ཆེ་ནས་ཆེར་གྱུར་ཏེ་མཐར་ཉེན་རྟོག་པའི་གདུག་རྩུབ་ལ་ཞིབ་འཇུག་དགོས་པ་དང་། ཧོང་ཀོང་ལ་ཡང་དག་པའི་མང་གཙོ་དགོས་པ་སོགས་ཀྱི་དགོས་འདུན་རྣམས་འདུས་ཡོད་འདུག
ངོ་རྒོལ་འདི་འབྱུང་འགོ་ཚུགས་ནས་ད་བར་མི་མང་ ༦,༠༠༠ བརྒལ་བ་ཞིག་འཛིན་བཟུང་བཙུན་འཇུག་བྱས་པའི་ཁར། མི་མང་ ༢,༦༠༠ ལྷག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད་འདུག དེ་བཞིན་དུས་ཟིང་འདིའི་ནང་ཧོང་ཀོང་གི་ཉེན་རྟོག་པས་དུག་རླངས་ལྕགས་ཀྲིན་ ༡༦,༠༠༠ ཙམ་ངོ་རྒོལ་བའི་ཐོག་ཏུ་གཡུགས་འདུག་པ་དང་། དྲག་པོའི་ངོ་རྒོལ་བ་རྣམས་ཀྱིས་ཀྱང་ཉེན་རྟོག་པའི་ཐོག་ཏུ་སོ་ཕག་དང་། ས་སྣུམ་གྱི་འགད་རྫས། ཐ་ན་གཞུ་མདའ་སོགས་འཕངས་ཡོད་འདུག
ཚེས་གཅིག་རེས་གཟའ་ལྷག་པའི་ཉིན་གྱི་ངོ་རྒོལ་གོམ་བགྲོད་དེ་ནི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ Civil Human Rights Front ཞེས་པ་ཡིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག་ཅིང་། ཚོགས་པ་དེ་ནི་ད་བར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཆེས་ཆེ་ཤོས་འགའ་གོ་སྒྲིག་ཞུ་མཁན་ཡིན་འདུག
མི་མང་གི་ལས་འགུལ་འདི་འགོ་བརྩམས་ནས་ཟླ་ངོ་བདུན་མ་ཟིན་ཙམ་འགྲོ་བཞིན་ཡོད་ཀྱང་། ལོ་གསར་པའི་ཚེས་གཅིག་ཉིན་འདུ་འཛོམས་བྱེད་མཁན་གྱི་ངོ་རྒོལ་བ་ཚོས་དཔའ་ཞུམ་པའམ་ཐང་ཆད་པའི་རྣམ་པ་ཅི་ཡང་མེད་པར་ངོ་རྒོལ་གྱི་རྒྱུན་མུ་མཐུད་སྐྱོང་རྒྱུ་གལ་ཆེ་བའི་སྐོར་ནན་བརྗོད་བྱས་འདུག་སྟེ། སྒེར་གྱི་བདེ་འཇགས་ཀྱི་དབང་གིས་མིང་བརྗོད་འདོད་མེད་པའི་རྒན་པོ་ལོ་ན་ ༦༢ སོན་པ་ཞིག་གིས“ང་ཚོའི་བུ་ཕྲུག་རྣམས་ངོ་རྒོལ་བྱེད་སར་འགྲོ་བཞིན་ཡོད། ངོ་རྒོལ་འབྱུང་ཐེངས་རེ་ལ་ཁོ་ཚོ་འཛིན་བཟུང་ཐེབས་ཨེ་འགྲོ་སྙམ་པའི་སེམས་ཁྲལ་ཡོང་གི་འདུག་ཀྱང་། ཁོ་ཚོ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཧོང་ཀོང་མི་མང་ཚོས་མུ་མཐུད་ངོ་རྒོལ་གྱི་རྒྱུན་སྐྱོང་དགོས”བཤད་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།