ཧོང་ཀོང་གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་བྱས་འདུག
ཧོང་ཀོང་གཞུང་གིས་མང་གཙོ་དོན་གཉེར་བ་མང་པོ་ཞིག་གྲོས་ཚོགས་འོས་མིར་ལངས་རྒྱུ་མེད་པ་བཟོས་རྗེས། གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་གཏོང་རྒྱུ་གསལ་བསྒྲགས་སྤེལ་འདུག
ཟླ་༧ པའི་ཚེས་༣༡ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་གསལ་བསྒྲགས་ཤིག་སྤེལ་ནས། ཧོང་ཀོང་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་བསྐྱར་ལངས་བྱུང་ནས། ནད་པ་མང་པོ་ཞིག་གི་ནད་དུག་འབྱུང་ཁུངས་མི་སྣ་རྩད་གཅོད་མི་ཐུབ་པའི་གནས་སྟངས་འོག ཁྲིམས་ལུགས་ནང་ཛ་དྲག་དུས་སྐབས་སྟངས་འཛིན་གྱི་ཁྲིམས་ནུས་ཡོད་པ་བཟོས་ནས། ཟླ་༩ པའི་ནང་གི་གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། རྒྱ་ནག་དབུས་གཞུང་གིས་ཀྱང་ཐག་གཅོད་དེར་རྒྱབ་སྐྱོར་ཐོབ་ཡོད་སྐོར་བསྒྲགས་འདུག
དེ་ཡང་ཉིན་གཅིག་སྔོན་དུ་མང་གཙོ་དོན་གཉེར་བ་༡༢ ལ་གྲོས་ཚོགས་འོས་མིར་ལངས་བའི་ཆ་རྐྱེན་ཚང་གི་མེད་ཚུལ་བརྗོད་ནས། འོས་བསྡུ་ལས་ཁང་གིས་ཁོ་ཚོ་ཚང་མ་རྩིས་མེད་བཏང་ཡོད་པ་དང་། ད་ལྟའི་ཆར་ཉུང་མཐར་མང་གཙོ་དོན་གཉེར་བ་༢༢ ཙམ། འོས་བསྡུ་ལས་ཁང་ནས་ཁོ་ཚོ་ཡང་རྩིས་མེད་གཏོང་མིན་གྱི་ཐག་གཅོད་སྒུག་ནས་བསྡད་ཡོད་འདུག
གསལ་བསྒྲགས་དེའི་སྔོན་ལ་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་༢༢ ཀྱིས་རྒྱ་ནག་དང་ཧོང་ཀོང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་དང་ཧོང་ཀོང་གཞུང་བར། གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་བྱེད་པའི་ངན་བྱུས་བཤམས་ཡོད་པ་དང་། ཁྲིམས་ནང་དུ་གྲོས་ཚོགས་འོས་བསྡུ་དེ་ཉིན་༡༤ ལས་མང་བ་ཕྱིར་འགྱངས་བྱེད་ཆོག་གི་མེད་པ། གལ་ཏེ་དེ་ལས་མང་བ་ཕྱིར་འགྱངས་བྱས་ཚེ་ཧོང་ཀོང་ནང་ཁྲིམས་ཀྱི་དཀའ་རྙོག་ཆེན་པོ་འབྱུང་རྒྱུ་ཡིན་པ། དེ་བཞིན་རྒྱལ་སྤྱིའི་ནང་རྒྱལ་ཁབ་བམ་མངའ་ཁུལ་༦༠ ལས་མང་བས་ཏོག་དབྱིབས་ནད་དུག་གི་དུས་སྐབས་སུ། འོས་བསྡུ་གོ་སྒྲིག་བྱེད་ཐུབ་པ་བྱུང་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ ནང་ཧོང་ཀོང་རྫོང་ཁག་གི་གྲོས་ཚོགས་འོས་བསྡུར། མང་གཙོ་དོན་གཉེར་བ་ཚོས་རྐུབ་སྟེགས་༤༥༢ ནས་༤༠༠ ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཟླ་༩ པའི་ནང་གི་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་དེ་བསྐྱར་དུ་ལེན་དགོས་དྲན་ཡོད་ཀྱང་། ད་ལྟའི་ཆར་མང་གཙོ་དོན་གཉེར་བའི་འོས་མི་རེ་བ་བྱེད་ཡུལ་༡༢ རྩིས་མེད་བཏང་ཟིན་ཡོད་ཁར། ད་དུང་ཡང་ག་ཚོད་རྩིས་མེད་གཏོང་རྒྱུ་ཡིན་མིན་ཚོད་དཔག་བྱེད་དཀའ་བ་ཡིན་པ་རེད་འདུག རྩིས་མེད་བཏང་ཟིན་པའི་འོས་མི་རྣམས། ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བཙན་དབང་ཐོག་ནས་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་བསྟུན་ནས་རྩིས་མེད་བཏང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།