ཧོང་ཀོང་དང་ཐའེ་ཝན་གྱི་རང་བཙན་ལངས་ཕྱོགས་ལ་ཉེན་བརྡ།
རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཧོང་ཀོང་གི་རང་བཙན་ལངས་ཕྱོགས་ཀྱི་ལས་འགུལ་གྱིས་གྲུབ་འབྲས་གང་ཡང་ཐོན་རྒྱུ་མིན་པ་དང་། དེ་བཞིན་ཐའེ་ཝན་དེ་ཉིད་རྒྱ་ནག་ལས་ཁ་བྲལ་གཏོང་ཐབས་ཀྱི་ལས་འགུལ་ཁག་ལ་བཟོད་སྲན་ནམ་ཡང་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་འདུག
ཟླ་འདིའི་ཚེས་༥ ཉིན་ནས་རྒྱ་ནག་གི་སྐབས་༡༢ པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་༥ པ་དེ་རྒྱལ་ས་པེ་ཅིན་མི་དམངས་ཚོགས་ཁང་ནང་འགོ་ཚུགས་ཡོད་པ་དང་། ཉིན་དེར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་སྲིད་གཞུང་གི་ལོ་འཁོར་ལས་དོན་སྙན་ཐོའི་གཏམ་བཤད་བྱེད་སྐབས། ཐེངས་དང་པོར་ཡོངས་བསྒྲགས་ཐོག་ནས་ཧོང་ཀོང་གི་རང་བཙན་ལངས་ཕྱོགས་དེས་གྲུབ་འབྲས་གང་ཡང་ཐོན་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག དེ་བཞིན་རྒྱ་ནག་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེ་གཡོ་ཟོལ་མེད་པའི་ཐོག་ནས་མུ་མཐུད་རྒྱུན་འཛིན་བྱ་རྒྱུའི་འདུན་པ་ཡོད་སྐོར་དང་། ཐའེ་ཝན་དེ་རྒྱ་ནག་ལས་ཁ་བྲལ་གཏོང་བའི་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་ལ་ངོ་རྒོལ་ལས་བཟོད་སྲན་ནམ་ཡང་བྱ་རྒྱུ་མིན་སྐོར་གྱི་ཉེན་བརྡ་བཏང་ནས། མཚོ་འགག་གཉིས་བར་གྱི་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༦ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་སྟེང་གི་གནས་ཚུལ་ལྟར་བྱས་ན། རྒྱ་ནག་སྲིད་གཞུང་གིས་ཁ་བྲལ་རིང་ལུགས་ཀྱི་ལངས་ཕྱོགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཡིན་ཡང་། སྲིད་གཞུང་གི་ལོ་འཁོར་ལས་དོན་སྙན་ཐོའི་སྐབས་སུ། ཧོང་ཀོང་གི་རང་བཙན་ལངས་ཕྱོགས་ཀྱི་ཐོག་ལ་ཉེན་བརྡ་བཏང་བ་ད་བར་བྱུང་མྱོང་མེད་པས། གནད་དོན་དེས་ཧོང་ཁོང་སྤྱི་ཁྱབ་ཀྱི་འོས་མི་བཞི་ལས་འོས་ཐོབ་མཁན་དེར་ཉེན་བརྡ་ཆེན་པོ་བཏང་བ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་ཕྱི་ལོ་༢༠༡༧ ལོའི་རྒྱ་ནག་གི་དཔལ་འབྱོར་གྱི་དམིགས་ཚད་གསལ་བསྒྲགས་བྱས་སྐབས། ལོ་འདིའི་ནང་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་དེ་བརྒྱ་ཆ་༦.༥ དང་དེ་ལས་མང་བ་འཕར་ཐུབ་ན་དེ་ལས་མང་བའི་དམིགས་ཚད་འཛིན་གྱི་ཡིན་སྐོར་དང་། སྲིད་འཛིན་ཞི་ཅིན་ཕིང་ལ་རྒྱ་ནག་གི་རླབས་ཆེན་གྱི་འགོ་ཁྲིད་ཅེས་མཚམས་སྦྱོར་བྱས་ནས། དམར་ཤོག་ཚོགས་པས་ཞི་ཅིན་ཕིང་ལ་རླབས་ཆེན་གྱི་འགོ་ཁྲིད་ཀྱི་མཚན་གནས་སྤྲད་པ་དེ་ནི་དམར་ཤོག་ཚོགས་པ་དང་མི་མང་གི་དགོས་འདུན་དང་མཐུན་གྱི་ཡོད་སྐོར་བརྗོད་འདུག
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་༥ པ་དེ་ནི་ཟླ་འདིའི་ཚེས་༥ ནས་༡༥ བར་འཚོགས་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།