ཧོང་ཀོང་དུ་ཀུ་ཤུ་ཉིན་རེའི་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་ལས་རོགས་བཞི་འཛིན་བཟུང་།

ཧོང་ཀོང་གི་ཉེན་རྟོག་པས་མང་གཙོར་ཁ་ཕྱོགས་པའི་ཧོང་ཀོང་གི་གསར་ཁང་ཆེ་ཤོས་ཏེ། ཀུ་ཤུའི་ཉིན་རེའི་གསར་ཁང་(Apple Daily) གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་ལས་རོགས་བཞི་འཛིན་བཟུང་བྱས་ཡོད་འདུག

དེ་རིང་སྟེ་ཕྱི་ཟླ་ ༦ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ཉེན་རྟོག་པ་མང་པོ་ཞིག་ཀུ་ཤུ་ཉིན་རེའི་གསར་ཁང་གི་ལས་ཁུངས་སུ་འཛུལ་ནས་ལས་ཁུངས་སྔོག་བཤེར་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་རཱན་ལོ་(Ryan Law) འདུས་པའི་མི་ལྔ་འཛིན་བཟུང་བྱས་ཡོད་འདུག

ཀུ་ཤུའི་ཉིན་རེའི་གསར་ཁང་(Apple Daily) ནི་མངོན་སུམ་འཛེམ་མེད་ངང་ཧོང་ཀོང་གི་རང་དབང་དང་། མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་རྣམས་འདོན་སྤེལ་བྱེད་མཁན་ཞིག་ཡིན་སྟབས། རྒྱ་ནག་གིས་དེ་ནི་ལུས་ལ་ཟུག་པའི་ཚེར་མར་མཐོང་སྟེ་མེད་པ་བཟོ་བའི་འབད་བརྩོན་བྱེད་ཀྱི་ཡོད་འདུག

ཀུ་ཤུ་ཉིན་རེའི་གསར་ཁང་གིས་ཉེན་རྟོག་པ་ལས་ཁུངས་སུ་ཡོང་ནས་སྔོག་བཤེར་བྱེད་བཞིན་པའི་དོན་རྐྱེན་དེ་ངོ་དེབ་བརྒྱུད་དེ་ཐད་གཏོང་བྱས་འདུག་པའི་ནང་། ཉེན་རྟོག་པས་ཐོག་བརྩེགས་ཀྱི་མཐའ་སྐོར་བཞིན་པ་དང་། ལས་ཁུངས་ནང་དུ་འཛུལ་བཞིན་པའི་བརྙན་པར་ཡོད་འདུག

ཐད་གཏོང་གི་བརྙན་པར་དེའི་ནང་། གསར་འགོད་པ་ཞིག་གིས་“ཁོ་ཚོ་ད་ནངས་ཞོགས་པའི་ཆུ་ཚོད་ ༧ ཡས་མས་སུ་བསླེབས་བྱུང་། ད་ལྟ་ང་ཚོས་ཁོ་ཚོས་རྒྱུ་ཆ་བླུགས་པའི་སྒམ་རྣམས་རླངས་འཁོར་ནང་དུ་དབོར་བཞིན་པ་མཐོང་ཐུབ་”ཅེས་མཆན་བཀོད་ཡོད་འདུག

རྒྱ་ནག་གཞུང་གིས་མང་གཙོའི་ལས་འགུལ་བ་དང་། རང་དབང་འཐབ་རྩོད་པ་ཚང་མ་ཁ་བྲལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་བྱས་པའི་ཉེས་མིང་འོག་ནས་འཛིན་བཟུང་། ཁྲིམས་ཐག་གཅོད་བཞིན་ཡོད་པ་ལྟར། དེ་རིང་ཧོང་ཀོང་གཞུང་ནས་བཏང་བའི་གསལ་བསྒྲགས་སུ། གསར་ཁང་གི་འགན་འཛིན་ལྔ་པོ་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་སྒྲིལ་བྱས་པའི་དོགས་པའི་འོག་ནས་འཛིན་བཟུང་བྱས་པ་ཡིན་ཞེས་གསལ་ཡོད་འདུག

དེ་རིང་འཛིན་བཟུང་བྱས་པའི་མི་ལྔའི་ཁྲོད་ནས་བཞི་སྐྱེས་པ་དང་གཅིག་བུད་མེད་ཡིན་འདུག་པ་དང་། ལོ་ན་ ༤༧ ནས་ ༦༣ བར་ཡོད་འདུག

སྔོན་ཆད་གོ་ལའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཧོང་ཀོང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་དང་། རང་སྲིད་རང་སྐྱོང་ཚད་མཐོན་པོ་ཡོད་མྱོང་ན་ཡང་། རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་ ༦ པའི་ནང་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེ་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ། མང་གཙོར་ཁ་ཕྱོགས་པའི་གསར་འགོད་པ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་སྤྱད་ཀྱི་ལག་ཆར་སྤྱོད་བཞིན་ཡོད་པ་རེད།།

གསར་འགོད་པ་དཀོན་མཆོག་རབ་བརྟན།