ཧོང་ཀོང་ནང་གི་རང་དབང་ཅན་གྱི་དེབ་ཁང་མཐའ་མ་དེ་སྒོ་བརྒྱབ་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་རང་དབང་ཅན་གྱི་སྒྲིག་འཛུགས་དང་དེབ་ཁང་། པར་སྐྲུན་ཁང་། མང་གཙོའི་ལས་འགུལ་བ་སོགས་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་དང་བསྟུན། ཧོང་ཀོང་ནང་རྒྱ་ནག་སྐམ་ས་ཆེན་མོར་བཀག་འགོག་བྱས་པའི་དེབ་བཙོང་ཡུལ་རང་དབང་ཅན་གྱི་དེབ་ཁང་མཐའ་མ་དེ་སྒོ་བརྒྱབས་འདུག
ཟླ་༡༠ པའི་ཚེས་༣༡ ཉིན་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྷར་ཌེན་ཐོག་ཏུ་གནས་ཚུལ་སྤེལ་གསལ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་པར་སྐྲུན་ཁང་ཁག་ཅིག་གིས། ཧོང་ཀོང་ནང་རང་དབང་ཅན་གྱི་དེབ་ཁང་ཆུང་ཆུང་མི་མང་གི་དེབ་ཁང་ཞེས་པ་དེ་སྒོ་བརྒྱབས་པར་སེམས་འཚབ་བྱེད་ཀྱི་ཡོད་འདུག
དེ་ཡང་དེ་སྔོན་རྒྱ་ནག་སྐམ་ས་ཆེན་མོའི་ནང་དུ་བཀག་འགོག་བྱས་པའི་ཚོར་བ་རྣོན་པོའི་དེབ་མང་པོ་ཞིག ཧོང་ཀོང་གི་དེབ་ཁང་ཁག་དུ་བཙོང་རྒྱུ་ཡོད་པས། རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་མང་པོ་ཞིག་གིས་གནད་དོན་བདེན་པ་ཤེས་ཆེད་དུ་དེབ་ཁང་དེ་དག་ལས་དེབ་མང་པོ་ཉོ་ཡི་ཡོད་ཀྱང་། ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་ཅན་གྱི་དེབ་ཁང་བདག་པོ་ལྔ་བཀག་ཉར་བྱས་པའི་གནད་དོན་ལྷག་ནས་བཟུང་། རྒྱ་ནག་གཞུང་གི་ཚོར་བ་རྣོན་པོ་ཡོད་པའི་དེབ་རིགས་བཙོང་ཡུལ་དེབ་ཁང་མཐའ་མ་དེ་ཡང་སྒོ་བརྒྱབ་པའི་གནས་ཚུལ་ཐོན་ནས། སྔར་མིང་གྲགས་ཆེ་བའི་ཧོང་ཀོང་གི་རང་དབང་དེབ་ཁང་དང་པར་སྐྲུན་ཁང་ཁག་གི་དུས་སྐབས་དེ་མཇུག་བསྒྲིལ་བའི་རྣམ་པ་གསལ་པོ་ཆགས་འདུག
དེབ་ཁང་དེར་རྒྱུན་དུ་བལྟ་ཀློག་བྱེད་པར་འགྲོ་མཁན་ས་གནས་མི་ཞིག་གིས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་དེབ་ཁང་དེ་སྒོ་བརྒྱབས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། སྔོན་མ་ཡིན་ན་ཧོང་ཀོང་དེ་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་གིས་བདེན་པ་འཚོལ་ཞིབ་ཀྱི་ཆེད་དུ་ཡོང་ས་ཞིག་ཡིན་ཡང་། དེང་སང་བཀག་འགོག་བྱས་པའི་གནད་དོན་ཁག་གི་མིང་ཡང་འདོན་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་ཀྱི་ལས་འགུལ་ཆེན་མོའི་འགོ་ཁྲིད་ཇོ་ཤི་ཝོང་གིས། རང་དབང་དེབ་ཁང་མཐའ་མ་སྒོ་བརྒྱབས་པའི་གནད་དོན་དེ་ཧོང་ཀོང་ནང་རང་དབང་མེད་པའི་དཔང་རྟགས་གསལ་པོ་ཆགས་ཡོད་སྐོར་བརྗོད་འདུག
དེབ་ཁང་བདག་པོ་ཞིག་གིས་དེ་སྔོན་ཧོང་ཀོང་ནང་གི་དེབ་ཁང་དང་པར་སྐྲུན་ཁང་དུ་ཚོང་ཤིན་ཏུ་ཡག་པོ་ཡོད་པ་དང་། རྒྱ་ནག་ནང་བཀག་འགོག་བྱས་པའི་ཆབ་སྲིད་དང་འབྲེལ་བའི་དེབ་དང་། ཆགས་སྤྱོད་དང་ཆོས་ལུགས་སོགས་ཀྱི་དེབ་ཀྱི་འགྲོ་རྒྱུག་ཆེན་པོ་ཡོད་པས། ཉིན་རེར་དེབ་བརྒྱ་རེ་ཙམ་བཙོང་ཐུབ་ཀྱི་ཡོད་ཚུལ་བརྗོད་འདུག་པ་དང་། རྩོམ་སྒྲིག་པ་ཞིག་གིས་རྗེས་སུ་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བཀག་འགོག་བྱས་པའི་དེབ་པར་སྐྲུན་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་པས། དེབ་ཀྱི་ཁྲོམ་ར་ཆུང་དུ་ཕྱིན་ཡོད་སྐོར་བརྗོད་འདུག
ཧོང་ཀོང་གི་མང་གཙོ་ལས་འགུལ་བ་ཞིག་གིས་དེབ་ཁང་དང་པར་སྐྲུན་ཁང་མང་པོ་ཞིག ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་གི་ལས་དོན་ཁང་གིས་སྟངས་འཛིན་འོག་ཡོད་པས། གནས་སྟངས་དེ་ནི་སེམས་འཚབ་སྐྱེས་འོས་པ་ཞིག་ཡིན་སྐོར་དང་། ཧོང་ཀོང་གི་ཆབ་སྲིད་ཐོག་དཔྱད་བརྗོད་པ་གྲགས་ཅན་ཨེལ་བྷེར་ཌ་ཅེང་གིས། སེམས་འཚབ་སྐྱེས་དགོས་པ་ཞིག་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་ག་ལེར་ཡལ་ནས། ཧོང་ཀོང་དེ་རྒྱ་ནག་གི་གྲོང་ཁྱེར་གཞན་པ་དང་གཅིག་མཚུངས་ཆགས་རྒྱུ་དེ་རེད་ཅེས་བརྗོད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་དང་རང་བཙན་ལས་འགུལ་བ་རྣམས་ཀྱི་ཤུགས་རྐྱེན་མེད་པ་བཟོ་ཆེད། ཧོང་ཀོང་གི་འཛིན་སྐྱོང་དང་ཁྲིམས་ལུགས་སྡེ་ཚན་ལ་གནོན་ཤུགས་སྤྲོད་བཞིན་པ་དེས། ཧོང་ཀོང་དུ་དངོས་སུ་ལས་འགུལ་བ་ཁག་ཅིག་ཆབ་སྲིད་ལས་གནས་ལ་ཞུགས་མི་ཐུབ་པ་ཆགས་ཡོད་པ་རེད་ལ། རང་དབང་གསར་ཁང་དང་དེབ་ཁང་སོགས་གནོན་ཤུགས་འོག་ཚུད་ཡོད་པས། ཧོང་ཀོང་ནང་གི་རང་དབང་གི་ཚད་གཞི་ཆུང་དུ་འགྲོ་བཞིན་པའི་གནས་ཚུལ་མང་པོ་ཐོན་བཞིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།