ཧོང་ཀོང་ནང་བཀག་སྡོམ་བྱས་པའི་བྱིས་དེབ་བདག་ཉར་བྱས་རྐྱེན་མི་སྣ་གཉིས་འཛིན་བཟུང་བྱས་འདུག 

ཧོང་ཀོང་ནང་དུ་མི་སྣ་གཉིས་ཀྱིས་པར་རིས་ལྡན་པའི་བྱིས་སྒྲུང་གི་དེབ་བདག་ཉར་བྱས་ཡོད་རྐྱེན་འཛིན་བཟུང་བྱས་འདུག་པ་དང་། ཧོང་ཀོང་གཞུང་གིས་བྱིས་དེབ་དེ་དག་ནང་དུ་གཞུང་ལ་གྱེན་ལོག་གི་བསམ་བློ་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག 

ཟླ་༣ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་གི་ཉེན་རྟོག་པས་ཟླ་༣ པའི་ཚེས་༡༣ ཉིན་ལོ་ན་༣༨ དང་༥༠ ཡིན་པའི་མི་སྣ་གཉིས་ཀྱི་ཁང་པར་གློ་བུར་བསྔོགས་བཤེར་བྱས་ཏེ། བཀག་སྡོམ་བྱས་ཟིན་པའི་བྱིས་དེབ་རྙེད་སོན་བྱུང་རྗེས་ཁོ་གཉིས་འཛིན་བཟུང་བྱས་ཡོད་པ་རེད་འདུག 

དེ་ཡང་ལོ་སྔོན་མར་བྱིས་སྒྲུང་གི་དེབ་ཕྲེང་(Yangcun)ཞེས་པ་དེ་པར་སྐྲུན་བྱེད་མཁན་མི་སྣ་༥ ལ་ཟླ་བ་༡༩ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། སྐབས་དེར་ཧོང་ཀོང་ཁྲིམས་ཁང་ཞིག་གིས་དེབ་འདི་དག་ནང་དུ་གཞུང་ལ་གྱེན་ལོག་གི་བསམ་བློ་ལྡན་ཡོད་པའི་ཐག་གཅོད་བྱས་ཡོད་པ་རེད་འདུག 

དེ་ཡང་མི་སྣ་༥ པོ་དེ་དག་གིས་པར་རིས་ལྡན་པའི་བྱིས་སྒྲུང་གི་དེབ་ཕྲེང་ཞིག་པར་སྐྲུན་བྱས་འདུག་པ་དང་། ཁག་ཅིག་གིས་བྱིས་སྒྲུང་དེ་དག་གིས་བྱིས་པ་ཚོར་སྒྲུང་གི་ལམ་ནས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ངོ་སྤྲོད་བྱེད་ཐབས་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག དེབ་ཕྲེང་ནང་གི་དེབ་གཅིག་ནང་དུ་ལུག་གི་གྲོང་གསེབ་གཅིག་སྤྱང་ཀི་མང་པོ་ཞིག་གིས་བཙན་བཟུང་བྱེད་ཐབས་བྱས་སྐབས་སུ། ལུག་ཚོས་ཕར་རྒོལ་བྱས་པའི་སྒྲུང་ཡོད་འདུག་པས། ཧོང་ཀོང་གཞུང་གིས་སྒྲུང་ནང་གི་སྤྱང་ཀི་དེ་ཚོ་རྒྱ་ནག་གཞུང་དང་ལུག་དེ་ཚོ་ཧོང་ཀོང་མི་མང་ཡིན་པའི་གོ་བ་ལེན་གྱི་ཡོད་པ་རེད་འདུག

ཟླ་༡ པོའི་ནང་དུ་སློབ་ཕྲུག་གཅིག་གིས་བྱིས་སྒྲུང་དེབ་ཕྲེང་དེའི་གློག་དེབ་ཕབ་ལེན་གྱི་དྲ་ཐག་ངོ་དེབ་སྟེང་དུ་བཞག་རྗེས། ཉེན་རྟོག་པས་སློབ་ཕྲུག་དེ་འཛིན་བཟུང་བྱས་ཡོད་པ་རེད་འདུག 

རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། མང་གཙོའི་ལས་འགུལ་བའི་ཚོགས་པ་མང་པོ་ཞིག་སྒོ་བརྒྱབ་དགོས་བྱུང་ཡོད་པ་མ་ཟད། ལས་འགུལ་བ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་དང་། མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་གསར་ཁང་གྲགས་ཆེ་ཤོས་ཀུ་ཤུ་ཉིན་རེའི་གསར་ཤོག་སོགས་རང་དབང་ལྡན་པའི་གསར་ཁང་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། དེ་བཞིན་ཧོང་ཀོང་གི་དགེ་རྒན་འབུམ་གཅིག་ལྷག་ཡོད་པའི་དགེ་རྒན་གྱི་ཆེད་ལས་མཐུན་ཚོགས་ཀྱང་གནོན་ཤུགས་འོག་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། དེ་དང་མཉམ་དུ་དཔེ་མཛོད་ཁང་ཁག་ཏུ་གཞུང་གིས་བཀག་སྡོམ་བྱས་པའི་དེབ་རྣམས་ཉར་མི་ཆོག་པ་ཆགས་པ་སོགས་རང་དབང་གི་ཁོར་ཡུག་གུ་དོག་པོ་ཆགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:

Leave a Reply