ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་ཞེས་པ་གཏན་འབེབས་བྱས་རྗེས་མང་གཙོའི་འགོ་ཁྲིད་རྩ་དགོངས་ཞུས་འདུག
རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱིས། ཧོང་ཀོང་ནང་དུ་ལག་བསྟར་བྱེད་རྒྱུའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེར་རྒྱབ་སྐྱོར་གྱིས་གཏན་འབེབས་བྱས་འདུག་པ་དང་། དེ་ལ་བརྟེན་ནས་ཧོང་ཀོང་ནང་གི་མང་གཙོ་ལས་འགུལ་གྱི་ན་གཞོན་འགོ་ཁྲིད་གསུམ་གྱིས་མང་གཙོ་རྒྱབ་སྐྱོར་གྱི་སྲིད་དོན་ཚོགས་པ་ནས་རྩ་དགོངས་ཞུ་རྒྱུ་གསལ་བསྒྲགས་བྱས་འདུག
དེ་ཡང་ཟླ་༦ པའི་ཚེས་༣༠ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་༡༦༢ ཡོངས་ནས་སྤྱི་མོས་ཀྱིས། ཧོང་ཀོང་ནང་དུ་ལག་བསྟར་བྱེད་འཆར་ཡོད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེར་རྒྱབ་སྐྱོར་གྱིས་གཏན་འབེབས་བྱས་ཡོད་འདུག ཁྲིམས་དེ་ཧོང་ཀོང་ནང་དངོས་སུ་ལག་བསྟར་མ་བྱས་པའི་སྔོན་དུ་ཧོང་ཀོང་གི་གཞི་རིམ་ཁྲིམས་ཀྱི་ལྷན་ཚོགས་ཀྱིས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་འདུག་པ་དང་། དེ་ནི་མགྱོགས་པོ་བྱེད་འཆར་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་ལ་ཁྲིམས་དེའི་ཐོག་བགྲོ་གླེང་དང་འོས་བསྡུ་བྱེད་པའི་གོ་སྐབས་དང་ཐོབ་ཐང་མ་སྤྲད་པ་མ་ཟད། ཧོང་ཀོང་མི་མང་ལ་ཁྲིམས་དེའི་ཐོག་བསམ་ཚུལ་གང་ཡོད་མེད་ཤེས་ཐབས་ཀྱང་མ་བྱས་པར། ཐོག་མར་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེའི་རྗེས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ནས་ཁྲིམས་དེར་རྒྱབ་སྐྱོར་གྱིས་གཏན་འབེབས་བྱས་ཡོད་པ་རེད།
ད་ལྟའི་ཆར་ཁྲིམས་དེའི་ནང་ཆ་རྐྱེན་དང་དོན་ཚན་གང་ཡོད་ཞིབ་ཕྲ་གསལ་བསྒྲགས་བྱས་མེད་ཀྱང་། ཁྲིམས་དེའི་ནང་གཙོ་བོ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ནག་ཉེས་དཔེར་ན་ཕྱིའི་རྒྱལ་ཁབ་ཁག་དང་ལག་འབྲེལ། ཁ་བྲལ་རིང་ལུགས་པ་དང་། འཇིགས་སྐུལ་རིང་ལུགས་པ། གཞུང་སྲིད་མགོ་རྟིང་སློག་པ་སོགས་ཀྱི་བྱ་སྤྱོད་རིགས་ཁྲིམས་འགལ་ངོས་འཛིན་གྱིས་ཉེས་ཆད་གཏོང་རྒྱུ་ཡིན་པ་རེད། ཁྲིམས་དེར་དགག་བྱ་བྱེད་མཁན་ཚོས་རྒྱ་ནག་གཞུང་གིས་སྐམ་ས་ཆེན་མོའི་ནང་ཁྲིམས་དེ་བེད་སྤྱོད་ལོག་པ་བཏང་ནས། གཞུང་དང་ཐ་དད་ཀྱི་བསམ་ཚུལ་འཛིན་མཁན་དང་མང་གཙོ་དོན་གཉེར་བ། ཁྲིམས་རྩོད་པ་སོགས་དྲག་གནོན་བྱེད་ཀྱི་ཡོད་པ་ལྟར། ཧོང་ཀོང་ནང་དུ་ཡང་དེ་ལྟར་བྱེད་རྒྱུ་ཡིན་པས། གྲོང་ཁྱེར་དེའི་མང་གཙོའི་ཐོབ་ཐང་མེད་པ་ཆགས་རྒྱུ་ཡིན་ཁར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགྲོ་ལུགས་དང་མཐུན་གྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁྲིམས་དེ་ལ་བརྟེན་ནས་ཧོང་ཀོང་ནང་དུ་བརྟན་ལྷིང་ཕྱིར་ལོག་ཡོང་རྒྱུ་ཡིན་པ་དང་། ཆབ་སྲིད་ཀྱི་རང་དབང་བརྟན་པོ་གནས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
དེ་བཞིན་ཁྲིམས་དེའི་ནང་ཧོང་ཀོང་དུ་རྒྱ་ནག་སྐམ་ས་ཆེན་མོའི་བདེ་སྲུང་ལས་ཁང་རྣམས། ཐེངས་དང་པོར་ཧོང་ཀོང་ནང་དུ་ལས་དོན་སྤེལ་རྒྱུ་ཡོད་པ་ཆགས་རྒྱུ་ཡིན་པ། རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གཞུང་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་གྱི་ལས་ཁང་ཞིག་འཛུགས་རྒྱུ། དབུས་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་མཁན་ས་གནས་སྲིད་གཞུང་ལ་སྟངས་འཛིན་དང་ལམ་སྟོན་བྱེད་རྒྱུ་ཡིན་པ། དེ་བཞིན་ཧོང་ཀོང་ནང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འབྲེལ་བའི་ནག་ཉེས་རིགས་ཁག་ཅིག་ལ་དབུས་གཞུང་གིས་ལག་པ་འཆང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འབྲེལ་བའི་ནག་ཉེས་གནད་དོན་ཐག་གཅོད་བྱེད་མཁན་གྱི་ཁྲིམས་དཔོན་དེ་ཧོང་ཀོང་གི་སྤྱི་ཁྱབ་དཔོན་གྱིས་བསྐོ་གཞག་བྱེད་རྒྱུ་སོགས་ཡོད་པ་རེད་འདུག
རྒྱ་ནག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱིས་ཁྲིམས་དེར་སྤྱི་མོས་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་བའི་གནས་ཚུལ་ཐོན་རྗེས། ཧོང་ཀོང་གི་མང་གཙོ་ལས་འགུལ་བའི་ན་གཞོན་འགོ་ཁྲིད་དང་མང་གཙོ་དོན་གཉེར་བའི་སྲིད་དོན་ཚོགས་པ་(Demosisto)གསར་འཛུགས་བྱེད་མཁན་ཁོངས་སུ་ཡོད་པའི་ལས་འགུལ་བ་Joshua Wong, Nathan Law, Jeffrey Ngo and Agnes Chow བཅས་ཀྱིས། སྲིད་དོན་ཚོགས་པ་དེ་ནས་རྩ་དགོངས་ཞུ་རྒྱུའི་གསལ་བསྒྲགས་ངོ་དེབ་ཐོག་ཏུ་བྱས་ཡོད་འདུག སྲིད་དོན་ཚོགས་པ་དེ་ཕྱི་ལོ་༢༠༡༦ ལོར་གསར་འཛུགས་ཀྱིས་གྲོས་ཚོགས་འོས་བསྡུའི་ནང་མང་གཙོ་དོན་གཉེར་བ་འོས་མི་འདོན་རྒྱུ་བྱས་ཡོད་ཀྱང་། འོས་བསྡུ་ལས་ཁང་གིས་སྲིད་དོན་ཚོགས་པ་དེའི་རང་ཐག་རང་གཅོད་ཀྱི་ལངས་ཕྱོགས་ཐེར་འདོན་གྱིས། སྲིད་དོན་ཚོགས་པ་དེའི་ཚོགས་མི་རྣམས་འོས་འགྲན་བྱས་བཅུག་མེད་པ་རེད་འདུག
ལས་འགུལ་བ་Joshua Wong གིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འོག་ཏུ། མང་གཙོ་དོན་གཉེར་བ་ཚོས་སོ་སོའི་ཚེ་སྲོག་དང་བདེ་འཇགས་ལ་སེམས་འཚབ་བྱེད་དགོས་པ་ཆགས་ཡོད་པ་དང་། སྲིད་དོན་བཙོན་འཇུག་དང་རྒྱ་ནག་ལ་རྩིས་སྤྲོད་སོགས་འབྱུང་སྲིད་པ། སུ་གང་གིས་སང་ཉིན་གང་འབྱུང་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐབས་བྲལ་བ་ཡིན་པ། དེ་བཞིན་ཁོང་གི་འཇིགས་སུ་རུང་བའི་མདུན་ལམ་དེ་ལ་བརྟེན་ནས་སྲིད་དོན་ཚོགས་པ་དེའི་དྲུང་ཆེའི་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བ་དང་། སྒེར་ཐོག་ནས་ལས་དོན་སྤེལ་རྒྱུ་ཡིན་པ། ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཁྲིམས་དེའི་འོག་ཏུ་ཧོང་ཀོང་དང་ཁོང་སྒེར་གྱི་གནས་བབ་ལ་སེམས་འཚབ་བྱེད་མཁན་གྲངས་ལས་འདས་པ་ཡོད་པ་ཡིད་ཆེས་ཡོད་པ། ཁོང་སྒེར་ངོས་ནས་རྒྱ་ནག་གཞུང་གིས་ཁོང་ས་ཐོག་དེ་ནས་རྩ་མེད་མ་བཟོས་བར་དུ་ཧོང་ཀོང་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
དེ་བཞིན་ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་དོན་ཚོགས་པ་ཧོང་ཀོང་རྒྱལ་ཡོངས་འཐབ་ཕྱོགས་(Hong Kong National Front)ཀྱིས་ངོ་དེབ་ཐོག་ཏུ། ཁྲིམས་གཏན་འབེབས་བྱས་པའི་ཉིན་(རེས་གཟའ་མིག་དམར)ནས་བཟུང་ཧོང་ཀོང་གྲོང་ཁྱེར་ནང་ཡོད་པའི་ཚོགས་པ་དེའི་ཚོགས་མི་རྣམས་མེད་པ་བཟོ་རྒྱུ་དང་། ཐའེ་ཝན་དང་དབྱིན་ཡུལ་དུ་ཡོད་པའི་ཚོགས་པ་དེའི་ཡན་ལག་ཚོས། ཧོང་ཀོང་ཡན་ལག་གི་ལས་དོན་འགན་ཁུར་གྱིས་མུ་མཐུད་ནས་ཧོང་ཀོང་གི་རང་བཙན་ལས་དོན་ལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བསྒྲགས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།