ཧོང་ཀོང་ནང་མང་གཙོ་དོན་གཉེར་བའི་གནད་ཡོད་མི་སྣ་༡༥ འཛིན་བཟུང་བྱས་འདུག
འཛམ་གླིང་ཡོངས་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་ལ་ལས་བྲེལ་ཆེ་བཞིན་པའི་སྐབས་དེར། ཧོང་ཀོང་གཞུང་གིས་མང་གཙོ་དོན་གཉེར་བའི་ཁྲོད་ནས་གནད་ཡོད་མི་སྣ་༡༥ འཛིན་བཟུང་གིས་ཉེས་འཛུགས་བྱས་འདུག་པ་དང་ཁྲིམས་གཏུག་བྱས་འདུག གྲོས་ཚོགས་འཐུས་མི་ཞིག་གིས་བྱེད་སྟངས་དེ་ནི་སླེབས་དང་ཉེ་བའི་གྲོས་ཚོགས་འོས་བསྡུ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་ཞིག་ཡིན་སྐོར་བརྗོད་འདུག
ཟླ་༤ པའི་ཚེས་༡༨ ཉིན་ཧོང་ཀོང་ཉེན་རྟོག་པས་ལོ་སྔོན་མའི་ཧོང་ཀོང་གི་མང་གཙོའི་ལས་འགུལ་ཆེན་མོ་དང་འབྲེལ་ནས། ཟླ་༨ པའི་ཚེས་༡༨ དང་ཟླ་༡༠ པའི་ཚེས་༡ དང་༢༠ བཅས་ཀྱི་སྐབས་སུ། ཁྲིམས་འགལ་གྱི་འདུ་འཛོམས་སུ་མཉམ་ཞུགས་བྱས་པའི་ཉེས་འཛུགས་འོག ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བའི་ཁྲོད་གནད་ཡོད་མི་སྣ་༡༥ འཛིན་བཟུང་བྱས་འདུག འཛིན་བཟུང་བྱས་པའི་ཁྲོད་མི་སྣ་༥ ལ་ཁྲིམས་འགལ་གྱི་འདུ་འཛོམས་ཁྱབ་བསྒྲགས་བྱས་པའི་ཉེས་འཛུགས་ཀྱང་བྱས་འདུག
འཛིན་བཟུང་བྱས་པའི་ཁྲོད་ཧོང་ཀོང་གི་མང་གཙོའི་ཨ་ཕ་ཞེས་འབོད་ཀྱི་ཡོད་པའི་རང་ལོ་༨༡ སོན་པའི་མར་ཀྲེན་ལཱི། གྲོས་ཚོགས་འཐུས་མི་ཞིག དེ་བཞིན་མང་གཙོ་དོན་གཉེར་བའི་སྲིད་དོན་ཚོགས་པ་ཁག་ཅིག་གི་གནད་ཡོད་མི་སྣ། མང་གཙོ་དོན་གཉེར་བའི་ཚོང་པ་ཆེན་པོ་ཇཱི་མཱི་ལེ་སོགས་ཡོད་འདུག
འཛིན་བཟུང་དེར་ངོ་རྒོལ་བྱེད་ཆེད་དུ་མང་གཙོ་དོན་གཉེར་བ་ཁག་ཅིག་ཉེན་རྟོག་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་འདུག སྐབས་དེར་ཧོང་ཀོང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཧོང་ཀོང་སྲུང་སྐྱོབ་ཞེས་པའི་ཚོགས་མི་ཁག་ཅིག་ཀྱང་དེ་གར་སླེབས་ནས། ཉེན་རྟོག་པ་ཚོར་བསྟོད་བསྔགས་བྱས་པ་དང་འཛིན་བཟུང་གི་གནད་དོན་ལ་དགའ་བསུ་དང་། མང་གཙོ་དོན་གཉེར་བ་ཚོ་དང་ཁ་རྩོད་བརྒྱབ་འདུག
འཛིན་བཟུང་བྱས་པ་རྣམས་དང་འབྲེལ་ན་ས་ཟླ་༥ པའི་ཚེས་༡༨ ཉིན་ཁྲིམས་ཁང་དུ་ཉན་ཞིབ་ལས་རིམ་འགྲོ་རྒྱུ་ཡིན་འདུག
མང་གཙོ་དོན་གཉེར་བ་གྲོས་ཚོགས་འཐུས་མི་བཅུ་གཉིས་ལྷག་གིས་གནད་དོན་དེ་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་སུ་མཉམ་ཞུགས་བྱས་འདུག དེའི་ཁྲོད་གྲོས་ཚོགས་འཐུས་མི་ལྕམ་ཁེ་ལོ་ཌེཡ་མཱོ་ཡིས། གཞུང་གིས་ཟླ་༩ པའི་ནང་གྲོས་ཚོགས་འོས་བསྡུར། མང་གཙོ་དོན་གཉེར་བ་རྣམས་ལ་རྐུབ་སྟེགས་མང་ཤོས་ཐོབ་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་ནང་ཧོང་ཀོང་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།