ཧོང་ཀོང་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་ཚང་མ་རྩ་དགོངས་ཞུས་འདུག
རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ནས་གྲོས་ཆོད་གཅིག་གཏན་འབེབས་བྱས་རྗེས། ཧོང་ཀོང་གཞུང་གིས་དེ་དང་བསྟུན་ནས་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་བཞི་གནས་དབྱུང་བཏང་འདུག་པ་དང་། དེ་ལ་ངོ་རྒོལ་བྱེད་ཆེད་དུ་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་གཞན་ཚང་མ་རྩ་དགོངས་ཞུས་འདུག
ཟླ་༡༡ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༡ ཉིན་རྒྱ་ནག་གཞུང་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཟེར་བ་དེས། ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་དང་། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ལ་ཐེ་བྱུས་བྱེད་པར་རེ་སྐུལ་བྱེད་པ། དེ་བཞིན་ཧོང་ཀོང་གྲོང་ཁྱེར་ཐོག་ཏུ་རྒྱ་ནག་གཞུང་གི་དབང་ཚད་ཁས་ལེན་མི་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་བ་བཅས་ཀྱི་བྱ་སྤྱོད་ལ་འཇུག་མཁན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་རྣམས་གནས་དབྱུང་གཏོང་རྒྱུའི་གྲོས་ཆོད་གཏན་འབེབས་བྱས་འདུག་པ་དང་། དེ་བཞིན་གྲོས་ཆོད་དེའི་ནང་ཧོང་ཀོང་གཞུང་ལ་གྲོས་ཚོགས་འཐུས་མི་དེ་རིགས་ཁྲིམས་ཁང་ནས་བསྐྱར་ཞིབ་མི་དགོས་པར་གནས་དབྱུང་གཏོང་བའི་དབང་ཚད་ཡོད་སྐོར་འཁོད་འདུག་པས། གྲོས་ཆོད་དེ་གཏན་འབེབས་བྱས་རྗེས། ཧོང་ཀོང་གཞུང་གིས་མང་གཙོ་དོན་གཉེར་བ་གྲོས་ཚོགས་འཐུས་མི་བཞི་(Kwok Ka-ki, Alvin Yeung, Kenneth Leung, Dennis Kwok) འཕྲལ་དུ་གནས་དབྱུང་བཏང་ཡོད་པའི་གསལ་བསྒྲགས་བྱས་འདུག ཧོང་ཀོང་གྲོས་ཚོགས་ནང་གི་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་ཚོས། གལ་ཏེ་ཧོང་ཀོང་གཞུང་གིས་ཁོ་ཚོའི་ཁོངས་ནས་སུ་ཡང་གནས་དབྱུང་བཏང་ཚེ། ཚང་མ་རྩ་དགོངས་ཞུས་ནས་ངོ་རྒོལ་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག་པས། དེ་དང་བསྟུན་ནས་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་གཞན་༡༥ རྩ་དགོངས་ཞུ་རྒྱུ་ཡིན་པ་དང་། རྩ་དགོངས་ཀྱི་ཡི་གེ་ཚེས་༡༢ ཉིན་ཡར་སྤྲད་རྒྱུ་ཡིན་སྐོར་བརྗོད་འདུག་པས གྲོས་ཚོགས་ནང་ཚང་མ་རྒྱ་ནག་དང་ཧོང་ཀོང་གཞུང་ལ་རྒྱབ་སྐྱོར་ཤ་སྟག་ལྷག་ནས། དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གྲོས་ཚོགས་ཤིག་ཆགས་འདུག
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་ཐོག་ཏུ། གྲོས་ཆོད་དེ་ནི་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱི་རེ་སྐུལ་ལྟར། རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱིས་གྲོས་སྡུར་དང་གྲོས་ཆོད་གཏན་འབེབས་བྱས་པ་ཡིན་སྐོར་བཀོད་ཡོད་འདུག་པས། གནད་དོན་དེ་ལས་ཧོང་ཀོང་གཞུང་གིས་རང་སྐྱོང་གི་དབང་ཚད་ལོངས་སུ་སྤྱོད་ཀྱི་མེད་པ་གསལ་པོ་ཡིན་སྐོར་བརྗོད་བཞིན་འདུག
གནས་དབྱུང་བཏང་བའི་གྲོས་ཚོགས་འཐུས་མི་(Dennis Kwok) ཡིས་ཐག་གཅོད་དེ་ནི་ཧོང་ཀོང་གི་གཞི་རིམ་ཁྲིམས་དང་ཁོང་ཚོའི་སྤྱི་དམངས་ལས་དོན་ནང་མཉམ་ཞུགས་བྱེད་པའི་ཐོབ་ཐང་དང་འགལ་གྱི་ཡོད་པ་གསལ་པོ་ཡིན་པ་དང་། ཁྲིམས་མཐུན་བྱུང་མེད་པ་གསལ་པོ་ཡིན་སྐོར་བརྗོད་ནས་ཁྲིམས་གཏུག་གི་ལས་དོན་ལ་མ་ཞུགས་སྔོན། ཁོང་གི་རུ་ཁག་དང་གྲོས་སྡུར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག གནས་དབྱུང་བཏང་བའི་གྲོས་ཚོགས་འཐུས་མི་(Alvin Yeung) ཡིས་ཁོང་གི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་ནས། མ་འོངས་པའི་མདུན་ལམ་དེ་དཀའ་ལས་ཁག་པོ་དང་བརྟག་པ་བརྟན་པོ་མེད་པ་ཆགས་རྒྱུ་ཡིན་ཡང་། ཧོང་ཀོང་དང་ཧོང་ཀོང་མི་མང་ལ་ཡིད་ཆེས་གཙང་མ་ཡོད་སྐོར་བརྗོད་འདུག
ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་གྲོས་ཚོགས་འཐུས་མི་བཞི་པོ་རྩིས་མེད་ཀྱིས་གནས་དབྱུང་བཏང་བ་དེ་ནི་རྩ་ཁྲིམས་དང་མཐུན་པ། ཁྲིམས་དང་མཐུན་པ། རྒྱུ་མཚན་དང་ལྡན་པ། དགོས་ངེས་ཅན་ཞིག་ཡིན་པ། གལ་སྲིད་ཁོ་ཚོས་གཞི་རིམ་ཁྲིམས་སྲུང་བརྩི་བྱེད་ཐུབ་ཀྱི་མེད་པ་དང་། ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་ཚེ། གྲོས་ཚོགས་འཐུས་མི་བྱེད་པའི་ཆ་རྐྱེན་ཚང་གི་མེད་སྐོར་བརྗོད་འདུག
ཟླ་༦ པའི་ནང་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་དྲག་གནོན་ཅན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེ་ཧོང་ཀོང་ནང་དུ་ལག་བསྟར་བྱེད་འགོ་བཙུགས་རྗེས། ཟླ་༧ པའི་ནང་ཧོང་ཀོང་གཞུང་གི་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ནས། ཟླ་༩ པའི་ཧོང་ཀོང་གི་གྲོས་ཚོགས་འོས་བསྡུར་འདེམས་ཐོན་གྱི་རེ་བ་ཡོད་པའི་མང་གཙོ་དོན་གཉེར་བའི་འོས་མི་༡༢ ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་བསྟུན་ནས་འོས་ཆོས་ཚང་གི་མེད་སྐོར་བརྗོད་ནས་རྩིས་མེད་བཏང་ཡོད་པ་རེད། སྐབས་དེར་འོས་མི་༡༢ ནང་ཐེངས་འདིར་གནས་དབྱུང་བཏང་བའི་གྲོས་ཚོགས་འཐུས་མི་༤ པོ་དེ་ཚུད་ཀྱི་ཡོད་པ་རེད། འོན་ཀྱང་གྲོས་ཚོགས་འོས་བསྡུ་མ་སླེབས་པའི་སྔོན་ཏེ་ཟླ་༧ པའི་ཚེས་༣༡ ཉིན་ལྕམ་ཁཱེ་རི་ལམ་གྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཧོང་ཀོང་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་བསྐྱར་ལངས་བྱུང་ནས། ནད་པ་མང་པོ་ཞིག་གི་ནད་དུག་འབྱུང་ཁུངས་མི་སྣ་རྩད་གཅོད་མི་ཐུབ་པའི་གནས་སྟངས་འོག ཁྲིམས་ལུགས་ནང་ཛ་དྲག་དུས་སྐབས་སྟངས་འཛིན་གྱི་ཁྲིམས་ནུས་ཡོད་པ་བཟོས་ནས། ཟླ་༩ པའི་ནང་གི་གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། རྒྱ་ནག་དབུས་གཞུང་གིས་ཀྱང་ཐག་གཅོད་དེར་རྒྱབ་སྐྱོར་ཐོབ་ཡོད་སྐོར་བསྒྲགས་ཡོད་པ་དང་། རྗེས་སུ་འོས་བསྡུ་ལོ་གཅིག་རིང་ཕྱིར་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་རེད་པས། ཐེངས་འདིར་གནས་དབྱུང་བཏང་བའི་གྲོས་ཚོགས་འཐུས་མི་༤ ཡིས་མུ་མཐུད་ནས་ལས་འགན་ཁུར་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།