ཧོང་ཀོང་མང་གཙོ་དོན་གཉེར་བ་གཙོ་གྲས་རྣམས་ལོ་མང་རིང་ཁྲིམས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཧོང་ཀོང་ཁྲིམས་ཁང་ཞིག་གིས་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གཙོ་གྲས་རྣམས་ལ་གསར་བརྗེ་བྱས་པའི་ཉེས་མིང་འོག་ལོ་མང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་མ་ཟད། རྒྱ་མིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་ལག་ལེན་བསྟར་བར་བརྟེན་གྲོང་ཁྱེར་འདིའི་མང་གཙོ་དོན་གཉེར་བ་དང་ལས་འགུལ་བ་སོགས་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་འདུག
ཕྱི་ཚེས་༡༩ ཉིན་སྦི་སྦི་སིའི་གསར་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་BennyTaiདང་JoshuaWongགཉིས་ནི་ས་གནས་འོས་བསྡུའི་ནང་ངོ་རྒོལ་འོས་མི་འདེམས་སྒྲུག་གི་འཆར་གཞིའི་ནང་ཞུགས་པའི་”ཧོང་ཀོང་47″ཟེར་བའི་ལས་འགུལ་བ་དང་གྲོས་ཚོགས་འཐུས་མིའི་ཁོངས་ཀྱི་གཙོ་གྲས་ཡིན་པའི་ཉེས་པ་བཙུགས་ཏེ་Taiལ་ལོ་༡༠དང་Wong་ལ་ལོ་༤ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཚོགས་པ་དེའི་མི་མང་ཆེ་བར་རྒྱལ་ཁབ་ཀྱི་ལམ་ལུགས་ལ་གསར་བརྗེ་བྱེད་རྒྱུའི་ངན་འབྲེལ་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་ཕོག་ཡོད་པ་དང་། མི་གཉིས་ལ་ཉེས་མེད་ཐག་གཅོད་བྱས་ཡོད་པར་བརྗོད། ཁོང་ཚོའི་ཁྲིམས་ཞིབ་དེ་ནི་ཧོང་ཀོང་ནང་༢༠༡༩ལོར་མང་གཙོར་རྒྱབ་སྐྱོར་བྱེད་པའི་ཟིང་འཁྲུག་ཆེན་པོ་བྱུང་བའི་རྗེས་སུ་རྒྱ་ནག་གིས་ཧོང་ཀོང་ནང་དམ་དྲག་ཆེ་བའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་(NSL)བཙན་བཀལ་བྱས་པ་དེ་ད་ཐེངས་བེད་སྤྱོད་ཆེ་ཤོས་བྱས་པ་ཞིག་ཆགས་ཡོད་པ་དང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་ཡང་ཧོང་ཀོང་སྲིད་གཞུང་གིས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཧོང་ཀོང་ལ་ཉེས་ཅན་པ་རྩིས་སྤྲོད་ཀྱི་གྲོས་མཐུན་ཞིག་འཇོག་རྩིས་བྱས་པ་དེས་ཟླ་བ་མང་པོའི་རིང་ཧོང་ཀོང་གི་སྲང་ལམ་ཁག་ཏུ་མི་གྲངས་འབུམ་ཕྲག་མང་པོ་ཐོན་ཏེ་མང་གཙོའི་བཅོས་བསྒྱུར་གྱི་དགོས་འདུན་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་དེ་མྱུར་དུ་རྒྱ་བསྐྱེད་བྱུང་ཡོད་པ་དང་། ཞིབ་འཇུག་པ་ཚོས་བརྗོད་དོན་ལ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་ཞིབ་ཀྱི་མཇུག་འབྲས་ཀྱིས་གྲོང་ཁྱེར་འདིའི་མང་གཙོ་དོན་གཉེར་གྱི་ལས་འགུལ་བ་དང་།ཁྲིམས་ལུགས་དབང་འཛིན་ལ་གནོད་སྐྱོན་ཚབས་ཆེན་བཏང་ཞིང་། རྒྱ་ནག་གིས་གྲོང་ཁྱེར་འདིར་དབང་བསྒྱུར་བྱེད་ཐུབ་པར་མཐུན་རྐྱེན་སྦྱར་ཡོད་པར་བརྗོད། ཨ་རིས་ཁྲིམས་ཞིབ་འདི་”ཆབ་སྲིད་ཀྱི་དམིགས་ཡུལ”ཡིན་པར་བརྗོད་ཅིང་། ཟླ་བ་འདིའི་ནང་ཨོ་སེ་ཀྲེ་ལི་ཡས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བེད་སྤྱོད་བྱེད་པར་”མོས་མཐུན་མེད་ཅེས་བརྗོད་པ་མ་ཟད། ཁོང་ཚོའི་མི་སེར་གྷོར་ཌོན་ཨེན་ཇི་ལ་ཁྲིམས་ཐག་བཅད་པར་”སེམས་འཚབ་ཆེན་པོ་”ཡོད་ཚུལ་བརྗོད་འདུག པེ་ཅིན་དང་ཧོང་ཀོང་གཞུང་གིས་བཅའ་ཁྲིམས་འདི་བརྟན་ལྷིང་སྲུང་སྐྱོབ་བྱེད་པར་དགོས་ངེས་ཡིན་པ་དང་། དེས་རང་སྐྱོང་གི་དབང་ཆར་གནོད་སྐྱོན་མ་བཏང་བར་ཁོང་ཚོས་ཉེས་ཁྲིམས་འདིས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་གྱི་ནུས་ཤུགས་ལ་ཉེན་བརྡ་བཏང་བ་རེད་ཅེས་བརྗོད་འདུག གནད་དོན་འདིར་ཧོང་ཀོང་བ་མང་པོས་དོ་སྣང་ཆེན་པོ་བྱས་ཡོད་འདུག དེ་ཡང་རེས་གཟའ་མིག་དམར་ཉིན་ཁྲིམས་ཁང་གིས་མང་གཙོ་དོན་གཉེར་བ་དག་ལོ་བཞི་ནས་བཅུའི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། སྔར་ཁྲིམས་ལུགས་སློབ་དཔོན་ཞིག་ཡིན་པའི་ཐའི་ཡིས་དངོས་མེད་སྔོན་འགྲོའི་འོས་བསྡུའི་འཆར་གཞི་བཟོས་པས།ཁྲིམས་དཔོན་ཚོས་ཁོང་གིས་”གསར་བརྗེ་ལ་རྒྱབ་སྐྱོར་བྱས་”པར་བརྗོད་དེ་བཙོན་འཇུག་དུས་ཡུན་རིང་ཤོས་བཏང་བ་དང་། དེ་བཞིན་དུ་ཝོང་གིས་ཉེས་པ་ཁས་ལེན་བྱས་པས་བཙོན་དུས་གསུམ་ཆ་གཅིག་ཉུང་དུ་བཏང་བར་བརྗོད། འོན་ཀྱང་ཉེས་ཅན་གཞན་དག་དང་མི་འདྲ་བར། ཁྲིམས་དཔོན་ཚོས་ཁོང་”མི་བཟང་པོ་ཞིག་ཏུ་མ་བརྩིས་”པས་བཙོན་དུས་དེ་བས་ཉུང་དུ་མ་བཏང་བར། འཛིན་བཟུང་བྱེད་སྐབས་ཝོང་ནི་ངོ་རྒོལ་ཁྲོད་ཞུགས་པའི་རྐྱེན་གྱིས་བཙོན་ཁང་དུ་ཡོད་འདུག གཞན་ཡང་མང་གཙོ་དོན་གཉེར་བ་གྲགས་ཅན་གྱི་ཁྲོད་དུ་ཆབ་སྲིད་ནང་ཞུགས་པའི་སྔར་གྱི་གསར་འགོད་པ་(Gwyneth Ho) དང་། སྔར་གྱི་གྲོས་ཚོགས་འཐུས་མི་(Claudia Mo། Leung kwok-hung)་བཅས་ཡོད་ཅིང་། ཁོང་ཚོར་ལོ་བཞི་ནས་བདུན་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ༢༠༡༩ལོའི་ངོ་རྒོལ་དེ་(COVID) ནད་ཡམས་ཀྱི་དབང་གིས་ཉམས་རྒུད་དུ་ཕྱིན་རྗེས། ལས་འགུལ་བ་ཚོས་མང་གཙོ་དོན་གཉེར་བའི་ལས་འགུལ་མུ་མཐུད་ཆེད་ཁྲིམས་བཟོ་ལྷན་ཁང་གི་འོས་བསྡུའི་ཆེད་དངོས་མེད་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་དང་། ཁོང་ཚོའི་དམིགས་ཡུལ་ནི་རྒྱ་ནག་གི་རྒྱབ་སྐྱོར་ཡོད་པའི་གཞུང་གི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་པའི་གོ་སྐབས་ཆེ་རུ་གཏོང་རྒྱུ་དེ་ཡིན་འདུག ཧོང་ཀོང་བ་ས་ཡ་ཕྱེད་ལྷག་གིས་༢༠༢༠ལོའི་ཟླ་༧པར་སྔོན་འགྲོའི་འོས་བསྡུའི་ནང་ཞུགས། སྐབས་དེར་གོ་སྒྲིག་པ་ཚོས་ཁོང་ཚོའི་བྱ་སྤྱོད་རྣམས་རང་དབང་ངེས་ཅན་ཞིག་སྤྲོད་པའི་གཞི་རྩའི་ཁྲིམས་ལུགས་ཏེ་རྩ་ཁྲིམས་ཆུང་བ་ཞིག་གི་འོག་ཏུ་ཆོག་མཆན་ཐོབ་ཡོད་པའི་རྩོད་གླེང་བྱས་ཡོད། འོན་ཀྱང་དེས་པེ་ཅིང་དང་ཧོང་ཀོང་གི་དཔོན་རིགས་རྣམས་ལ་སེམས་འཚབ་སྐྱེ་དགོས་པ་ཞིག་བཟོས་ཡོད་པ་དང་། ཁོང་ཚོས་སྔོན་འགྲོའི་འོས་བསྡུ་ཉིན་ཁ་ཤས་ཀྱི་སྔོན་དུ་ལག་བསྟར་བྱས་པའི་མི་སེར་སྤེལ་ཡུལ་གྱི་ཁྲིམས་ལུགས་དང་འགལ་སྲིད་པའི་ཉེན་བརྡ་བཏང་ཡོད། ཁོང་ཚོས་ལས་འགུལ་བ་ཚོས་གཞུང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་བྱས་ཡོད་པ་དང་། ༢༠༢༡ ལོའི་ལོ་སྟོད་དུ་འཛིན་བཟུང་བྱས་ཡོད་པ་རེད་འདུག ཁྲིམས་ཞིབ་མཇུག་བསྡོམས་སུ་ཁྲིམས་དཔོན་ཚོས་འཆར་གཞི་དེས་རྩ་ཁྲིམས་ཀྱི་དཀའ་རྙོག་ཞིག་ཡོང་རྒྱུ་ཡིན་པའི་སྐོར་ལ་ཞུ་རྩོད་གནང་བའི་ཞུ་སྦྱོར་བའི་རྩོད་གླེང་དེར་མོས་མཐུན་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་མགྲིན་ཚབ་པས་རེས་གཟའ་མིག་དམར་ཉིན་གྱི་ཁྲིམས་ཐག་གཅོད་སྟངས་དེ་ནི་སྡུག་རྩུབ་ཅན་གྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱས་པ་ནས་བཟུང་ཧོང་ཀོང་གི་སྤྱི་དམངས་རང་དབང་དང་ཁྲིམས་ལུགས་རང་བཙན་ཇི་ཙམ་གྱིས་ཉམས་རྒུད་དུ་ཕྱིན་ཡོད་མེད་བསྟན་པ་རེད་ཅེས་དང་། རྒྱ་ནག་དང་ཧོང་ཀོང་གཞུང་གཉིས་ཀྱིས་ད་ཆ་ཧོང་ཀོང་ནང་དུ་མང་གཙོར་སྐུལ་འདེད་བྱེད་པའི་རིན་གོང་ཧ་ཅང་མཐོ་རུ་བཏང་ཡོད་ཅེས་བཤད་འདུག པེ་ཅིང་གཞུང་ཚབ་ཁང་གི་རྒྱབ་སྐྱོར་ཡོད་པའི་གཞུང་གིས་མང་གཙོ་དོན་གཉེར་བ་ཚོར་རྒོལ་ལན་སློག་པའི་ཆེད་དུ་ཁྲིམས་ཞིབ་བེད་སྤྱོད་བཏང་བ་ཡིན་སྲིད་ཅེས་ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟུར་པ་(John P Burns) ནས་དེ་ལྟར་བཤད་འདུག སློབ་དཔོན་བྷར་ནི་སི་ཡིས་”དབུས་གཞུང་གིས་ཁྲིམས་ཞིབ་འདི་ཧོང་ཀོང་མི་དམངས་ལ་སླར་ཡང་སློབ་གསོ་གཏོང་བར་བེད་སྤྱོད་བྱེད་བཞིན་ཡོད་”ཅིང་། སློབ་གསོ་དེ་ནི་’རྒྱལ་ཁབ་བདེ་འཇགས་ནི་རྒྱལ་ཁབ་ཀྱི་གཙོ་གནད་གལ་ཆེ་ཤོས་ཡིན། རྒྱལ་ཁབ་བདེ་འཇགས་ཐད་ང་ཚོར་འགྲན་བསྡུར་མ་བྱེད་’ཅེས་པ་དེ་ཡིན་ཞེས་བརྗོད་འདུག ཁོང་གིས་སྦི་སྦི་སི་ལ་”གནད་དོན་འདི་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི་འདིས་ཧོང་ཀོང་གི་ཁྲིམས་ལུགས་མ་ལག་གི་བདེ་འཇགས་མཚོན་པས་ཡིན། རྨང་གཞིའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་བརྒྱུད་རིམ་རྗེས་འབྲངས་བྱས་པ་དེ་ཁྲིམས་འགལ་ཇི་ལྟར་ཡིན་ཐུབ་བམ་”ཞེས་བརྗོད་འདུག ཧོང་ཀོང་གྲོང་ཁྱེར་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ལས་རོགས་(StephenOrtamann) གྱིས་ཁྲིམས་ཐག་གཅོད་པ་འདིས་”རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་འོག་ཆབ་སྲིད་ཀྱི་མི་མཐུན་པའི་ལྟ་ཚུལ་ལ་ཉེས་ཆད་ནན་མོ་གཏོང་བའི་སྔར་ལམ་ཞིག་བཏོད་”ཅེས་བརྗོད་པ་དང་། ཁོང་གིས་མང་གཙོ་དོན་གཉེར་གྱི་ལས་འགུལ་ནི་ད་ཆ་”ཧ་ཅང་ཉམས་དམས་སུ་གྱུར་”ཅིང་། དེར་”རང་སྲུང་ཁ་རྒྱ་ནི་སྤྱི་ཚོགས་ཀྱི་རྒྱུན་སྲོལ་དུ་གྱུར་བ་དང་། མང་གཙོ་དོན་གཉེར་སྡེ་ཁག་དང་མངོན་གསལ་དོད་པོས་མཐུན་ཕྱོགས་བྱེད་མཁན་ཉུང་དུ་ཕྱིན་”ཡོད་ཅེས་བརྗོད་ཡོད་འདུག འོན་ཀྱང་ལས་འགུལ་བ་ཚོས་ཁྲིམས་ཐག་བཅད་པ་འདི་པེ་ཅིན་གྱི་རྒྱལ་ཁ་ཡོངས་རྫོགས་མིན་པར་བརྗོད་འདུག་ལ། ༢༠༢༠ལོའི་སྔོན་འགྲོའི་འོས་བསྡུའི་ནང་དུ་འགྲན་བསྡུར་བྱས་ཡོད་ཀྱང་། དེ་ནས་ཧོང་ཀོང་ནས་བྲོས་ཏེ་ཨ་རིར་གནས་སྡོད་བྱེད་མཁན་ལས་འགུལ་བ་སོ་ནི་ཆེང་གིས། “དེས་པེ་ཅིང་གཞུང་ལ་མི་མང་གི་སེམས་པ་ཐོབ་པའི་དོན་མི་སྟོན། ཁོང་ཚོ་ལམ་ཁ་གཅིག་ནས་དགའ་སྲིད་པ་རེད། གང་ཡིན་ཟེར་ན། ངོ་རྒོལ་པ་ཡོངས་རྫོགས་རྩ་མེད་བཟོ་བཞིན་ཡོད་པ་རེད། འོན་ཀྱང་དུས་མཚུངས་སུ་ཁོང་ཚོས་མི་རབས་ཧྲིལ་པོ་ཞིག་ཤོར་ཡོད་པ་རེད། གང་ཡིན་ཟེར་ན་མི་མང་གི་ཡིད་ཆེས་དེ་མེད་པ་རེད་བཅས་བརྗོད་ཡོད་འདུག།
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།