ཧོང་ཀོང་མང་གཙོའི་ལས་འགུལ་ལ་རང་དབང་གཟེངས་རྟགས་ཐོབ་འདུག 

ཨ་རིའི་རང་དབང་ཁང་པས། ༢༠༢༠ ལོའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་གི་མང་གཙོ་ལས་འགུལ་དང་། སུ་ཌན་ལས་འགུལ་བ་ཚོར་སྤྲད་འདུག་པ་དང་། ཧོང་ཀོང་ནང་དུ་ཉེན་ཁ་ཡོད་པའི་དབང་གིས་ལས་འགུལ་བ་བྱེ་བྲག་མིང་འདོན་བྱས་མེད་འདུག 

ཟླ་༩ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་རྗེས། མང་གཙོའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ངང་གནས་བཞིན་པའི་སྐབས་དེར། ཨ་རི་གཞུང་གིས་དཔལ་འབྱོར་མཐུན་སྦྱོར་བྱེད་ཀྱི་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཚོགས་པ་རང་དབང་ཁང་པ་ཞེས་པ་དེས། ཕྱི་ལོ་༢༠༢༠ ལོའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་གི་མང་གཙོའི་ལས་འགུལ་དང་། སུ་ཌན་གྱི་ལས་འགུལ་བ་ཚོར་སྤྲད་པའི་མཛད་སྒོ་ཞིག་དྲ་ཐོག་ནས་འཚོགས་འདུག 

དེ་ཡང་ཧོང་ཀོང་གི་མང་གཙོ་ལས་འགུལ་བའི་ཁྲོད་དུ་ལས་འགུལ་བ་བྱེ་བྲག་མིང་འདོན་བྱས་མེད་འདུག་པ་དང་། དེ་ལྟར་བྱེད་དགོས་དོན་ནི་ད་ལྟའི་ཆར་ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་བརྟེན་ནས། ལས་འགུལ་བ་ཚོའི་བདེ་འཇགས་ལ་ཉེན་ཁ་མི་ཡོང་བའི་ཆེད་ཡིན་འདུག ལས་འགུལ་གོ་སྒྲིག་པས་མ་འོངས་པར་ལས་འགུལ་བ་ཚོའི་མིང་བདེ་འཇགས་ངང་འདོན་རྒྱུ་ཡོད་པའི་དུས་ཤིག་སླེབས་པར་ངང་སྒུག་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག 

མཛད་སྒོའི་སྐབས་སུ་ད་ཆ་དབྱིན་ཡུལ་དུ་བྲོས་བྱོལ་དུ་ཡོད་པའི་ཧོང་ཀོང་གི་མང་གཙོའི་ལས་འགུལ་འགོ་ཁྲིད་ནཱེ་ཐན་ལཱོ་ཡིས། རྒྱ་ནག་ལ་སྤྲེལ་ལད་དང་བསྟུན་མཁས་བྱེད་པའི་དུས་ཚོད་མཇུག་བསྒྲིལ་ཡོད་པས། འཛམ་གླིང་གིས་རྒྱ་ནག་ནང་དངོས་སུ་མང་གཙོ་ཆེད་དུ་ལས་འགུལ་སྤེལ་མཁན་ཚོར་རོགས་པ་བྱེད་དགོས་པ་དང་། རྒྱ་ནག་གི་དབང་ཆ་གཅིག་སྡུད་རིང་ལུགས་ལ་ཁ་གཏད་གཅོག་དགོས་སྐོར་བརྗོད་འདུག 

གཟེངས་རྟགས་ཀྱི་མཛད་སྒོའི་སྐབས་སུ་ཧོང་ཀོང་དང་སུ་ཌན། དེ་བཞིན་ཨི་རན་དང་བྷེ་ལ་རུ། ཨ་རི་བཅས་ཀྱི་ནང་དུ་མང་གཙོ་དང་མི་རིགས་འདྲ་མཉམ་སོགས་ཀྱི་ལས་འགུལ་ལ་ངོས་འཛིན་དང་ཆེ་མཐོང་ཡང་བྱས་ཡོད་འདུག །

རང་དབང་གཟེངས་རྟགས་དེ་༧གོང་ས་མཆོག་དང་། མར་ཀྲིན་ལུ་ཐར་ཀིང་། ཡུ་གུར་ལས་འགུལ་བ་ཨིལ་ཧམ་ཀྲོ་ཀྲི་སོགས་ལ་ཐོབ་མྱོང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།