ཧོང་ཀོང་མི་མང་གིས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་ལ་ངོ་རྒོལ།
ཕྱི་ཟླ་ ༥ ཚེས་ ༢༤ རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་མི་མང་སྟོང་ཕྲག་མང་པོ་ཁྲོམ་སྲང་དུ་དོན་ནས་པེ་ཅིང་གིས་གཏན་ལ་འབེབས་འཆར་ཡོད་པའི་“རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་”ལ་ངོ་རྒོལ་བྱས་པ་ན། ཉེན་རྟོག་པས་ངོ་རྒོལ་བ་ཚོའི་སྟེང་དུ་དུག་རླངས་གཏོར་འདུག
མི་མང་ཚོས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་བཀག་འགོག་ཆེད་དུ་བཞག་པའི་བཀའ་རྒྱ་རྣམས་རྩིས་མེད་བཏང་ནས་ཁོ་སི་ཝེ-བྷེ་(Causeway Bay)ཁྲོམ་ལམ་དུ་དོན་ནས་གོམ་བགྲོད་བྱས་པ་དང་། ཁྲོམ་ལམ་ཡོངས་ལ་“ཧོང་ཀོང་རང་བཙན། ཐབས་ལམ་གཅིག་པུ་”ཞེས་པའི་འབོད་ཚིག་བསྒྲགས་པའི་བྲག་ཅ་འཁོར་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་ལ་མཚོན་ན། ཧོང་ཀོང་གི་རང་བཙན་དགོས་འདུན་དེ་ནི་གཏན་ནས་གོ་ན་མི་འདོད་པའི་གནད་དོན་ཞིག་ཡིན་པ་དང་། ད་ཐེངས་གཏན་ལ་འབེབས་འཆར་ཡོད་པའི་“རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་”ཞེས་པའི་དེའི་དམིགས་ཡུལ་ཡང་། དེ་ལྟ་བུའི་དགོས་འདུན་འདོན་མཁན་དང་བྱ་སྤྱོད་སྤེལ་མཁན་རྣམས་ལ་ཉེས་ཆད་གཅོད་པ་དང་འབུར་འཇོམས་གཏོང་ཆེད་ཡིན་འདུག
པེ་ཅིང་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཚོང་ལས་དང་དཔལ་འབྱོར་གྱི་སྒོ་ཆེན་དུ་གྱུར་བའི་ཧོང་ཀོང་ལ་སྟངས་འཛིན་དབང་སྒྱུར་རིམ་གྱིས་ཇེ་ཆེར་གཏོང་བ་དང་འབྲེལ། མི་མང་གི་བློ་སེམས་འགུགས་ཐབས་བྱེད་ཀྱིན་ཡོད་སྟབས། རེས་གཟའ་ཉི་མའི་ངོ་རྒོལ་དེས་རྒྱ་ནག་སྲིད་གཞུང་ལ་དཀའ་ཁག་གསར་པ་ཞིག་བསྣན་ཡོད་འདུག
རྒྱ་ནག་གིས་བདུན་འདིར་གཏན་ལ་འབེབས་འཆར་ཡོད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེས་དཔལ་འབྱོར་ཁྲོམ་ར་ལའང་སེམས་ཁྲལ་བསླངས་པའི་ཐོག ཕྱིའི་སྲིད་གཞུང་ཁག་དང་། འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་རྣམས། དེ་བཞིན་ཚོང་ལས་ཚོགས་པ་འགའ་བཅས་ཀྱིས་དེ་ལ་སྐྱོན་བརྗོད་བྱས་འདུག
དངོས་མིང་བརྗོད་འདོད་མེད་པའི་སློབ་འབྲིང་སློབ་མ་ལོ་ན་ ༡༦ ལ་སོན་པ་ཞིག་གིས་ད་ཐེངས་ཀྱི་ཁྲིམས་འཆར་དེའི་ཐད་ལ་བརྗོད་དོན། “ང་ལ་རྒྱལ་ཁབ་བདེ་འཇགས་ཁྲིམས་དངོས་སུ་ལག་བསྟར་བྱས་རྗེས་ཁོ་ཚོས་དེ་སྔོན་ཉེས་མིང་ཡོད་པ་འཛིན་བཟུང་དང་། ཉེན་རྟོག་པ་རྣམས་སྔར་བས་ཀྱང་སྟངས་འཛིན་བྲལ་བར་འགྱུར་ངེས་རེད་སྙམ་པའི་སེམས་ཁྲལ་འདུག ང་རང་འཛིན་བཟུང་ཐེབས་པར་ཞེད་ཀྱི་འདུག ཡིན་ན་ཡང་། ད་དུང་ཡང་ཕྱི་ལ་དོན་ནས་ཧོང་ཀོང་གི་མ་འོངས་པའི་ཆེད་དུ་ངོ་རྒོལ་བྱེད་དགོས།”
ཕྱི་ལོ་ ༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་དུ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་ཧོང་ཀོང་དུ་རྒྱ་ནག་སྐམ་ས་ཆེན་མོར་མེད་པའི་རང་དབང་སྤྲོད་པའི་ཁས་ལེན་བྱས་ཡོད་རུང་། ད་ལྟ་ཧོང་ཀོང་བ་ཚོས་ལམ་ལུགས་དེ་རྒྱ་ནག་གིས་རིམ་གྱིས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སེམས་འཚབ་དྲག་པོ་བྱེད་ཀྱིན་ཡོད་འདུག
ཨ་རིས་ཁྲིམས་འཆར་གསར་པ་དེ་ལ་བརྟེན་ནས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་འཁེལ་སྲིད་ཚུལ་བརྗོད་འདུག་སྟེ། ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་སྟོན་པ་རོ་བྷར་ཏྲི-ཨོ་བྷི་རན་(Robert O’Brien)གྱིས་“ཁོ་ཚོས་རྒྱལ་ཁབ་བདེ་འཇགས་ཁྲིམས་འདི་ལ་བརྟེན་ནས་ཧོང་ཀོང་རྩ་བའི་ཆ་ནས་དབང་སྒྱུར་བྱེད་རྒྱུ་ཡིན་པར་སྣང་། གལ་སྲིད་ཁོ་ཚོས་དེ་ལྟར་བྱས་པ་ཡིན་ན། ཕྱི་སྲིད་དྲུང་ཆེས་ཧོང་ཀོང་ལ་རང་སྲིད་རང་སྐྱོང་ཚད་མཐོན་པོ་ཡོད་པའི་ངོས་འཛིན་བྱེད་ཐབས་བྲལ་བ་དང་། དེ་འདྲ་ཞིག་བྱུང་བ་ཡིན་ན།ཧོང་ཀོང་དང་རྒྱ་ནག་ལ་ཉེས་ཆད་གཏོང་དགོས་ངེས་རེེད་”ཅེས་བཤད་ཡོད་འདུག
གཞན་ཡང་། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཚོ་གཅིག་གིས་པེ་ཅིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཕྱི་ལ་ངོ་རྒོལ་བྱས་ཏེ་“རྒྱལ་ཁབ་བདེ་འཇགས་ཁྲིམས་ཀྱིས་ལམ་ལུགས་གཉིས་རྩ་མེད་བཟོ་བཞིན་ཡོད་”ཅེས་འབོད་ཚིག་བསྒྲགས་ཤིང་། ངོ་རྒོལ་བ་ཨ་ཝི་རི-ནཱ་(Avery Ng)ཡིས་“མ་འོངས་པར་ཁོ་ཚོས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཀྱི་མིང་ཐོག་ནས་མི་གང་འདོད་ལྟར་འཛིན་བཟུང་བཀག་ཉར་དང་། ཁ་འགོག་ཐུབ་པས། ང་ཚོས་ངེས་པར་དུ་དེ་ལ་ངོ་རྒོལ་བྱེད་དགོས་”ཞེས་བཤད་འདུག་པ་དང་། འཛམ་གླིང་གི་ཆབ་སྲིད་མི་སྣ་ ༢༠༠ མ་ཟིན་ཙམ་གྱིས་ཁྲིམས་འཆར་དེ་ནི་“ཧོང་ཀོང་གྲོང་ཁྱེར་གྱི་རང་སྲིད་རང་སྐྱོང་དང་། སྒྲིག་ཁྲིམས། གཞི་རྩའི་རང་དབང་བཅས་ལ་ཕྱོགས་ཡོངས་ནས་རྒོལ་རྡུང་བཏང་བ་ཞིག་”ཡིན་ཚུལ་བརྗོད་འདུག
རྒྱ་ནག་གིས་དུས་རྒྱུན་ལྟར་ཕྱིའི་རྒྱལ་ཁབ་ཀྱི་སྐྱོན་བརྗོད་རྣམས་ནང་གི་གནད་དོན་ལ་“ཐེ་བྱུས་”བྱས་པ་ཞིག་ཡིན་ཚུལ་བཤད་དེ་སྣང་མེད་དུ་བསྐྱུར་བ་དང་། གཏན་ལ་འབེབས་འཆར་ཡོད་པའི་ཁྲིམས་དེས་ཧོང་ཀོང་གི་རང་སྲིད་རང་སྐྱོང་དང་།ཧོང་ཀོང་དུ་མ་འཇོག་བྱེད་མཁན་གྱི་ཚོང་ལས་ཀྱི་ཁེ་ཕན་ལ་གནོད་སྐྱོན་གང་ཡང་ཐེབས་ཀྱི་མེད་སྐོར་བཤད་འདུག
ལོ་སྔོན་མར་ཡང་ཧོང་ཀོང་དུ་ཉེས་ཅན་རྩིས་སྤྲོད་བྱེད་པའི་ཁྲིམས་ཤིག་གཏན་ལ་འབེབས་གྲབས་བྱས་པར་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་པ་དང་། དེ་ལ་བརྟེན་ནས་ཧོང་ཀོང་དུ་ལོ་ངོ་བཅུ་ཕྲག་ནང་གི་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་ཤོས་དང་། དཔལ་འབྱོར་ཉམས་གུད་ཚབས་ཆེན་བྱུང་བ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིང་ལ་དབང་ཆ་ཐོབ་པ་ནས་བཟུང་གདོང་ལེན་དགོས་པའི་དཀའ་རྙོག་ཚབས་ཆེ་ཤོས་དེར་གྱུར་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།