ཧོང་ཀོང་མི་མང་འབུམ་༦ ལས་མང་བས་འོས་ཤོག་འཕངས་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག
ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་ཟིན་པས། མང་གཙོ་དོན་གཉེར་བ་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ཕྲ་མོ་ཙམ་ཞིག་བསྟན་ནའང་མཇུག་འབྲས་ངན་པ་འབྱུང་སྲིད་མིན་ལ་མ་ལྟོས་པར། ཧོང་ཀོང་མི་མང་འབུམ་༦ ལས་མང་བས་མང་གཙོ་དོན་གཉེར་བའི་ཤོག་ཁག་གི་སྔོན་འགྲོ་འོས་བསྡུར་མཉམ་ཞུགས་བྱས་འདུག
ཟླ་༧ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༡ དང་༡༢ ཉིན་ཧོང་ཀོང་ནང་དུ་ཟླ་༩ པའི་ནང་ཧོང་ཀོང་གྲོས་ཚོགས་འོས་བསྡུར། མང་གཙོ་དོན་གཉེར་བ་ཤོག་ཁག་ནས་འོས་མི་འོས་འདེམས་བྱེད་ཆེད་དུ། མང་གཙོ་དོན་གཉེར་བའི་འོས་མི་རྣམས་ཀྱི་བར་དུ་སྔོན་འགྲོ་འོས་བསྡུ་ཞིག་གོ་སྒྲིག་བྱས་ཡོད་འདུག
རྒྱ་ནད་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱི་ཉེན་ཁ་དང་། ཧོང་ཀོང་གཞུང་གིས་ལས་རིམ་དེ་ཁྲིམས་འགལ་ཡིན་སྐོར་བརྗོད་མིན་མ་ལྟོས་པར། ཉིན་གཉིས་རིང་ཁྱོན་བསྡོམས་མི་མང་འབུམ་༦ ལས་མང་བ་མཉམ་ཞུགས་བྱས་ཡོད་འདུག་པ་དང་། དེ་ཡང་འོས་བསྡུ་དེ་གོ་སྒྲིག་བྱེད་མཁན་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཀྱི་ཉེན་ཁ་ལ་བརྟེན་ནས། མི་མང་འབུམ་གཅིག་དང་ཁྲི་བདུན་ཙམ་མཉམ་ཞུགས་བྱེད་རྒྱུ་ཚོད་དཔག་བྱས་འདུག་ཀྱང་། དངོས་སུ་མཉམ་ཞུགས་བྱེད་མཁན་ཚོད་དཔག་བྱས་པའི་གྲངས་ཀ་ལས་ལྡབ་ཁ་ཤས་མང་བ་བྱུང་ཡོད་འདུག
འོས་བསྡུ་གོ་སྒྲིག་བྱེད་མཁན་ཁྲིམས་ལུགས་རིག་པའི་སློབ་དཔོན་ཞིག་གིས། ཧོང་ཀོང་མི་མང་གིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཞག་ཡོད་པ་དང་། ཕྱི་ལོ་༢༠༠༣ ལོ་ནས་བཟུང་ཧོང་ཀོང་མི་མང་གིས་རྒྱལ་སྤྱི་དང་ཧོང་ཀོང་གཞུང་ལ། ཧོང་ཀོང་མི་མང་གིས་མང་གཙོ་དོན་གཉེར་བྱེད་པའི་སེམས་ཤུགས་ཆགས་མེད་པའི་རྣམ་པ་གསལ་པོ་བསྟན་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་བརྟེན་ནས་སྡིགས་བསྐུལ་བྱུང་མིན་ལ་མ་ལྟོས་པར། ཧོང་ཀོང་མི་མང་གིས་སོ་སོའི་ཐོབ་ཐང་ལོངས་སུ་སྤྱད་ཡོད་སྐོར་བརྗོད་འདུག
སྔོན་འགྲོ་འོས་བསྡུ་དེའི་གྲུབ་འབྲས་དེ་གཞུང་འབྲེལ་མིན་ཡང་། མང་གཙོ་དོན་གཉེར་བའི་འོས་མི་རྣམས་འདེམས་སྒྲུག་བྱེད་པར་གཞི་བཅོལ་ཡུལ་ཞིག་ཆགས་རྒྱུ་ཡིན་འདུག
ལོ་སྔོན་མའི་ཟླ་༡༡ པའི་ཚེས་༢༤ ཉིན་ཧོང་ཀོང་ནང་དུ་རྫོང་ཁག་གི་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་དོན་དུ་རྫོང་ཁག་༡༨ ནས་༡༧ གྱི་གྲོས་ཚོགས་ནང་དུ་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་རྐུབ་སྟེགས་མང་ཤོས་ཐོབ་འདུག་པ་དང་། དེ་ཡང་འོས་འགྲན་བྱས་པའི་རྫོང་ཁག་གི་གྲོས་ཚོགས་འཐུས་མིའི་རྐུབ་སྟེགས་ཁྱོན་བསྡོམས་༤༥༢ ཡོད་པའི་ཁོངས་ནས། མང་གཙོ་རྒྱབ་སྐྱོར་བྱེད་མཁན་གྱི་ཕྱོགས་ཁག་ལ་རྐུབ་སྟེགས་༣༨༩ ཐོབ་འདུག་པ་དང་། དེ་ནི་སྐབས་སྔོན་མ་དང་བསྡུར་ན་རྐུབ་སྟེགས་༢༨༩ མང་དུ་ཕྱིན་ཡོད་པས། འོས་བསྡུའི་གྲུབ་དོན་དེ་ནི་མི་མང་གིས་མང་གཙོ་དོན་གཉེར་བ་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པས། དཔྱད་བརྗོད་པ་ཁག་ཅིག་གིས་ཐེངས་འདིའི་ཧོང་ཀོང་གི་གྲོས་ཚོགས་འོས་བསྡུར་མང་གཙོ་དོན་གཉེར་བ་ཚོར་རྒྱལ་ཁ་ཆེན་པོ་མི་ཐོབ་པའི་ཆེད་དུ། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཙན་དབང་ཐོག་ནས་ལག་བསྟར་བྱས་ཡོད་ཁར། འོས་མིའི་ཆ་རྐྱེན་ལ་ཁ་གཡར་ནས་མང་གཙོ་དོན་གཉེར་བའི་འོས་མི་མང་པོ་ཞིག་རྩིས་མེད་གཏོང་སྲིད་པ་ཉེན་ཚབས་ཆེན་པོ་ཡོད་སྐོར་བརྗོད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།