ཧོང་ཀོང་རང་བཙན་ཕྱོགས་གཏོགས་ཀྱི་གྲོས་ཚོགས་འཐུས་མིའི་དམ་འབུལ་བཀག་འགོག
རྒྱ་ནག་ཕྱོགས་གཏོགས་ཀྱི་ཧོང་ཀོང་གྲོས་ཚོགས་མི་སྣས། རྒྱ་ནག་ལ་མཐོང་ཆུང་གཏོང་མཁན་ཧོང་ཀོང་རང་བཙན་ཕྱོགས་གཏོགས་ཀྱི་གྲོས་ཚོགས་འཐུས་མིའི་དམ་འབུལ་བསྐྱར་ལེན་ལ། ངོ་རྒོལ་གྱིས་བཀག་འགོག་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཧོང་ཀོང་གྲོས་ཚོགས་འཐུས་མི་ཚོས་ལས་འཁུར་དམ་འབུལ་བྱེད་སྐབས། ཧོང་ཀོང་མང་གཙོ་ཕྱོགས་གཏོགས་སོགས་ཀྱི་གྲོས་ཚོགས་མི་སྣ་ཁག་ཅིག་གིས་ཧོང་ཀོང་རྒྱ་ནག་མ་རེད་ཅེས་བྲིས་པའི་འཕྲེད་དར་བཟུང་བ་དང་། དེ་བཞིན་དམ་འབུལ་གྱི་ཚིག་བཅོས་བསྒྱུར་གྱིས་རྒྱ་ནག་ལ་དམོད་མོ་བྱས་ཡོད་རྐྱེན། གསར་དུ་འདེམས་ཐོན་བྱུང་བའི་གྲོགས་ཚོགས་ཀྱི་ཚོགས་གཙོ་ཨེན་ཌི་རུ་ལིང་ཀའོ་ཡེན་(Andrew Leung Kwan-yuen )གྱིས་ཉིན་མོ་དེ་ག་རང་ལ་གྲོས་ཚོགས་མི་སྣ་ལོའུ་སིའུ་ལི་(Lau Siu-lai) ཡི་དམ་འབུལ་བརྩིས་མེད་ཡིན་པར་བརྗོད་ཡོད་པ་དང་། དེའི་ཕྱི་ཉིན་མོར་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ནས། ཧོང་ཀོང་རང་བཙན་ཕྱོགས་གཏོགས་ཀྱི་གྲོགས་ཚོགས་མི་སྣ་ཁག་ཅིག་གི་ལས་འཁུར་དམ་འབུལ་བྱེད་སྟངས་ལ་བརྟེན་ནས། གྲོས་ཚོགས་མི་སྣ་གཞན་རྣམས་དང་། རྒྱལ་དམངས་ཀྱི་སེམས་ལ་དོ་ཕོགས་བཏང་ཡོད་རྐྱེན། ལས་འཁུར་དམ་འབུལ་རྩིས་མེད་ཡིན་ཞེས་བསྒྲགས་ཡོད་འདུག
དེ་རྗེས་ཟླ་འདིའི་ཕྱི་ཚེས་༡༩ཉིན་ཧོང་ཀོང་རང་བཙན་ཕྱོགས་གཏོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དམ་འབུལ་བསྐྱར་ལེན་བྱས་ཡོད་ཀྱང་། སྐབས་དེར་རྒྱ་ནག་ཕྱོགས་གཏོགས་ཀྱི་ཧོང་ཀོང་གྲོས་ཚོགས་འཐུས་མི་རྣམས། གྲོགས་ཚོགས་ཀྱི་ཕྱི་ལོགས་སུ་ཐོན་ནས་ངོ་རྒོལ་གྱིས་བཀག་འགོག་བྱས་རྐྱེན། གྲོགས་ཚོགས་ཀྱི་ཚོགས་འདུ་ཕྱིར་འགྱངས་བྱེད་དགོས་ཁེལ་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་ནག་ཕྱོགས་གཏོགས་ཀྱི་གྲོགས་ཚོགས་འཐུས་མི་ཝང་ཏི་ཀོང་(Wong Ting-kwong) གིས་གྲོས་ཚོགས་ཀྱི་ལས་འཁུར་དམ་འབུལ་བྱེད་སྐབས་ཧོང་ཀོང་ཞེས་པའི་ཚིག་གཉིས་ཆད་ཡོད་པར་སྐྱོན་བརྗོད་བྱུང་བས། ཁོས་དེ་ལྟར་ངོས་ལེན་བྱས་མེད་ཀྱང་། རྗེས་སུ་སྒྲ་འཇུག་ལ་བསྐྱར་ཉན་བྱེད་སྐབས་ར་འཕྲོད་བྱུང་ནས། ཁོས་བསམ་བཞིན་དུ་དེ་ལྟར་བྱས་པ་མིན་ཞེས་བརྗོད་ནས་བཟོད་གསོལ་ཞུས་པར། ཚོགས་དྲུང་གིས་ངོས་ལེན་བྱས་ཡོད་རུང་། ཁོས་དམ་འབུལ་ཡང་བསྐྱར་བྱེད་ཆོག་པའི་རེ་སྐུལ་ཞུས་པ་བཞིན།
ཟླ་འདིའི་ཕྱི་ཚེས་༡༩ ཉིན་ཐོག་མར་ཁོང་གིས་དམ་འབུལ་བསྐྱར་ལེན་བྱས་ཡོད་པ་དང་། དེ་ནས་སྔར་གྲོགས་ཚོགས་དམ་འབུལ་སྐབས་ངོ་རྒོལ་ཤུགས་དྲག་བྱེད་མཁན་གྲོས་ཚོགས་མི་སྣ་ཨེ་ཌི་ཝར་ཌི་ཆུང་ཡིམ་ (Edward Yiu Chung-yim) གྱིས་དམ་འབུལ་བསྐྱར་ལེན་བྱས་ཡོད་འདུག དེ་རྗེས་ཧོང་ཀོང་རང་བཙན་ཕྱོགས་གཏོགས་ཀྱི་གྲོས་ཚོགས་འཐུས་མི་ལོའུ་སིའུ་ལི་(Lau Siu-lai) དང་། ཡོའུ་ཝེ་ཆིན།(Yau Wai-chin) དེ་བཞིན་ལིང་ཆང་ཧང་(Leung Chung-hang) བཅས་ཀྱིས་དམ་འབུལ་བསྐྱར་ལེན་བྱེད་གྲབས་ཡོད་སྐབས། རྒྱ་ནག་ཕྱོགས་གཏོགས་ཀྱི་ཧོང་ཀོང་གྲོས་ཚོགས་མི་སྣ་རྣམས་གྲོགས་ཚོགས་ཀྱི་ཕྱི་ལོགས་སུ་ཐོན་ནས་ངོ་རྒོལ་གྱིས་བཀག་འགོག་བྱས་ནས་ལས་འཁུར་དམ་འབུལ་བསྐྱར་ལེན་བྱེད་ཐུབ་མི་འདུག
གལ་ཏེ་གྲོགས་ཚོགས་འཐུས་མི་སུ་ཞིག་གིས་ལས་འཁུར་དམ་འབུལ་བྱེད་རྒྱུ་མ་བྱུང་ཚེ། དེ་གྲོས་ཚོགས་ནང་གནས་ཐུབ་ཀྱི་མེད་པ་རེད་འདུག
ཧོང་ཀོང་གཞུང་གིས་ལས་འཁུར་དམ་འབུལ་བཀག་འགོག་བྱེད་ཐབས་ཀྱི་བཀའ་རྒྱ་ཞིག་བཟོས་ཡོད་ཀྱང་། མཐོ་རིམ་ཁྲིམས་ཁང་གིས་དེར་ངོས་ལེན་བྱས་མེད་རུང་། ཟླ་རྗེས་མའི་ནང་ཁྲིམས་ཐོག་ནས་བསྐྱར་ཞིབ་བྱེད་རྒྱུ་ཡིན་འདུག
རྒྱ་ནག་ཕྱོགས་གཏོགས་ཀྱི་གྲོས་ཚོགས་མི་སྣ་རྣམས་གྲོས་ཚོགས་ཀྱི་ཕྱི་ལོགས་སུ་ཐོན་ནས་ངོ་རྒོལ་བྱས་པ་དེ་ནི། མཐོ་རིམ་ཁྲིམས་ཁང་གིས་གཞུང་གི་བཀའ་རྒྱ་དེ་ཁས་ལེན་མ་བྱས་ནས་ཉིན་གཅིག་མ་སོང་གོང་ནས་བྱུང་བ་ཞིག་ཡིན་འདུག
གསར་འགོད་པ་བཀྲ་ཤིས་དོན་འགྲུབ།