ཧོང་ཀོང་ལ་དམ་དྲག་བོད་ལྟ་བུར་འགྱུར་བཞིན་འདུག

ཧོང་ཀོང་གི་གློག་བརྙན་བཟོ་མཁན་ཞིག་གིས་ཧོང་ཀོང་ནང་དུ་དམ་དྲག་སོགས་ཀྱི་རྐྱེན་པས། བོད་ལྟ་བུ་འགྱུར་བཞིན་ཡོད་སྐོར་བརྗོད་འདུག

15053397_1311302802226919_280852835_oདེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་ནིའུ་ཡོག་དུས་བབ་སྟེང་དུ་གནས་ཚུལ་བཀོད་གསལ། ཧོང་ཀོང་གི་གློག་བརྙན་བཟོ་མཁན་ཨི་ཝན་ཆཱེན་གྱིས་བཟོས་པའི་ཉི་གདུགས་རྣམས་ཡར་བཀྱགས་ཤིག་ཅེས་པའི་ཕྱི་ལོ་༢༠༡༤ ལོར་ཧོང་ཀོང་དུ་བྱུང་བའི་ཉི་གདུགས་ཀྱི་མང་གཙོའི་ལས་འགུལ་ཆེན་མོའི་སྐོར་ཧོང་ཀོང་གི་རང་དབང་ཅན་གྱི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ་བྱས་འདུག་ཀྱང་། རྗེས་སུ་གོ་སྒྲིག་པས་ཕྱིར་འཐེན་བྱས་ཡོད་འདུག

ཁོང་གིས་སེམས་འཕམ་བྱུང་ཡང་ཧང་སང་མེད་སྐོར་བརྗོད་ནས། “རྒྱལ་སྤྱིའི་སྤྱི་ཚོགས་ནང་ཧོང་ཀོང་ལ་ཡིད་དབང་འཕྲོག་པའི་བོད་ཀྱི་རིག་གཞུང་གི་ཆ་རྐྱེན་དང་འཛིན་སྐྱོང་གི་གནས་སྟངས་མེད་པ་མངོན་གྱི་ཡོད་ཀྱང་། ཧོང་ཀོང་དེ་བོད་ལྟ་བུར་འགྱུར་བཞིན་ཡོད་པ་ཚོར་གྱི་འདུག འོན་ཀྱང་ངས་ཧོང་ཀོང་གི་བྱུང་རིམ་ལོ་རྒྱུས་འཆད་མཁན་མུ་མཐུད་བྱེད་ཐབས་བྱ་རྒྱུ་ཡིན་”ཞེས་བརྗོད་འདུག དེ་བཞིན་ཧོང་ཀོང་ནང་གི་གློག་བརྙན་བཟོ་མཁན་དང་སྒྱུ་སྩལ་བ། ཤེས་ཡོན་པ་མང་པོ་ཞིག་གིས་ལོ་སྔོན་མ་ནས་ཧོང་ཀོང་དེ་བོད་ནང་བཞིན་དམ་དྲག་ཆེ་རུ་འགྲོ་བའི་ཉེན་ཁ་ཡོང་གི་སྐོར་བརྗོད་ཡོད་འདུག་པ་དང་། ཧོང་ཀོང་ནང་རྩོད་རྙོག་ཅན་གྱི་གློག་བརྙན་སྟོན་འདོད་མེད་མཁན་ལྟེ་གནས་ཁང་དང་གློག་བརྙན་ཁང་མང་དུ་འགྲོ་བཞིན་ཡོད་འདུག

གློག་བརྙན་དུས་སྟོན་གོ་སྒྲིག་བྱེད་མཁན་ཨེ་ཤེ་ཡའི་ལྟེ་གནས་ཁང་གི་འགན་འཛིན་གྱིས། ལྟེ་གནས་དེ་ནི་ཆབ་སྲིད་ཀྱི་ལྟ་བ་ཕྱོགས་གཉིས་སུ་མི་ལྷུང་མཁན་གྱི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་པ་དང་། སེམས་ཁྲལ་ཆེ་ཤོས་ནི་གློག་བརྙན་དེ་སྟོན་རྒྱུ་གཅིག་པུ་མིན་པར། གཙོ་བོ་ནི་གློག་བརྙན་རྗེས་སུ་བགྲོ་གླེང་ཞིག་ཡོད་པས། དེ་གར་གཏམ་བཤད་བྱེད་མཁན་མང་གཙོ་དོན་གཉེར་བ་ཤ་སྟག་ལས། རྒྱ་ནག་ཕྱོགས་གཏོགས་ཀྱི་མི་སྣ་སུ་གང་གཏམ་བཤད་བྱེད་པར་ཡོང་མཁན་མི་འདུག་པས། གློག་བརྙན་དེ་ཕྱིར་འཐེན་བྱས་པ་དང་། རྒྱ་ནག་གཞུང་གིས་ཐག་གཅོད་དེར་ཐེ་ཇུས་གང་ཡང་མེད་སྐོར་བརྗོད་ཡོད་འདུག

གློག་བརྙན་བཟོ་མཁན་ཆཱེན་གྱིས་ཉི་གདུགས་ཀྱི་ལས་འགུལ་ཆེན་མོ་མཇུག་བསྒྲིལ་ཡོད་ཀྱང་། དེའི་སྐོར་གྱི་གློག་བརྙན་ཞིག་ནི་ཧོང་ཀོང་གི་རིག་གཞུང་དང་ཆབ་སྲིད་སོགས་མ་འོངས་པའི་ཆེད་མི་ཉམས་རྒྱུན་འཛིན་བྱེད་པའི་ལས་འགུལ་ཞིག་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།