ཧོང་ཀོང་སྤྱི་ཁྱབ་དཔོན་གྱི་འོས་མིར་ཁཱེ་རི་ལམ་བསྐྱར་དུ་ལངས་འཆར་མི་འདུག
རྩོད་རྙོག་ཆེ་བའི་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་འདི་ལོར་ལས་གནས་དེའི་ཆེད་དུ་བསྐྱར་དུ་འོས་མིར་ལངས་འཆར་མེད་སྐོར་དང་། དེའི་སྐོར་རྒྱ་ནག་དབུས་གཞུང་ལ་སྙན་སེང་ཞུས་ཟིན་སྐོར་བརྗོད་འདུག
ཟླ་༤ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཟླ་༦ པའི་ཚེས་༣༠ ཉིན་ཧོང་ཀོང་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་ལོ་ལྔའི་ལས་ཡུན་མཇུག་བསྒྲིལ་གྱི་ཡོད་འདུག་པ་དང་། ཁོང་གིས་བསྐྱར་དུ་སྤྱི་ཁྱབ་པའི་ལས་གནས་ཆེད་དུ་འོས་མིར་ལངས་འཆར་མེད་སྐོར་བརྗོད་འདུག ཁོང་གིས་ཐག་གཅོད་དེ་ནི་མོ་རང་སྒེར་གྱི་འདོད་མོས་དང་མངོན་འདོད་ཡིན་ཁར། ནང་མིར་བསམ་བློ་བཏང་ནས་ཐག་གཅོད་དེ་བྱས་ཡིན། ལོ་སྔོན་མའི་ཟླ་༣ པའི་ནང་རྒྱ་ནག་གི་འཐུས་མི་ཚོགས་ཆེན་སྐབས་རྒྱ་ནག་དབུས་གཞུང་ལ་ཐག་གཅོད་དེའི་སྐོར་སྙན་སེང་ཞུས་ཟིན་པ་ཡིན་སྐོར་བསྒྲགས་འདུག
དེ་ཡང་ཧོང་ཀོང་དེ་རྒྱ་ནག་ཏུ་ཕྱིར་སྤྲོད་བྱས་པ་ནས་བཟུང་། ད་བར་སྤྱི་ཁྱབ་དཔོན་ཞིག་ལ་མི་མང་གིས་བསམ་ཚུལ་བསྡུ་ལེན་ཁྲོད་རྒྱབ་སྐྱོར་ཚད་གཞི་དམའ་ཤོས་དེ་ཁོང་ཆགས་ཡོད་འདུག་པ་དང་། སླེབས་ལ་ཉེ་བའི་ཟླ་༥ པའི་ཚེས་༨ ཉིན་སྤྱི་ཁྱབ་པའི་འོས་བསྡུར་ཁོང་བསྐྱར་དུ་འོས་མིར་ལངས་ཀྱི་མེད་པས། ཉེན་རྟོག་པ་ཟུར་པ་དང་སྤྱི་ཁྱབ་དྲུང་ཆེ་རྗོན་ལཱི་དང་། དཔལ་འབྱོར་དྲུང་ཆེ་པཱོལ་ཆན་གཉིས་ནི་འོས་མི་ཤུགས་ཆེ་ཤོས་གཉིས་སུ་ངོས་འཛིན་བྱེད་བཞིན་འདུག
ལྕམ་ཁོང་ཕྱི་ལོ་༢༠༡༧ ལོར་ཧོང་ཀོང་གི་སྤྱི་ཁྱབ་དཔོན་དུ་འོས་འདེམས་བྱུང་ཡོད་པ་དང་། སྐབས་དེར་ཁོང་གིས་འགལ་ཟླ་ཆེ་བའི་ཧོང་ཀོང་སྤྱི་ཚོགས་དེ་འཆམ་མཐུན་ལྡན་པའི་སྤྱི་ཚོགས་བཟོ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ཕྱི་ལོ་༢༠༡༩ ལོར་ཧོང་ཀོང་ནས་རྒྱ་ནག་ཏུ་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ཧོང་ཀོང་ནང་དུ་ངོ་རྒོལ་ལས་འགུལ་ཆེན་མོ་བྱུང་ཡོད་པ་རེད། ངོ་རྒོལ་ལས་འགུལ་ཤུགས་ཆེན་པོ་བྱུང་བར་བརྟེན་ཁྲིམས་འཆར་དེ་ཕྱིར་བསྡུ་བྱས་ཡོད་ཀྱང་། མང་ཚོགས་ནས་ཉེན་རྟོག་པའི་དྲག་སྤྱོད་དང་མང་གཙོའི་རང་དབང་གི་ཚད་གཞི་མཐོ་རུ་གཏོང་དགོས་པའི་ལས་འགུལ་མུ་མཐུད་སྤེལ་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༢༠༢༠ ལོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་རྐྱེན་པས་འདུ་འཛོམས་བཀག་སྡོམ་དང་། དེའི་རྗེས་སུ་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཙན་དབང་ཐོག་ནས་ལག་བསྟར་བྱེད་འགོ་བཙུགས་རྗེས། ཧོང་ཀོང་ནང་དུ་མི་མང་གི་ངོ་རྒོལ་ལས་འགུལ་གྱི་རྣམ་པ་ཡལ་བ་ལྟ་བུ་ཆགས་ཡོད་ཁར། ཁྲིམས་དེ་ལ་བརྟེན་ནས་ཧོང་ཀོང་ནང་གི་མང་གཙོ་ལས་འགུལ་བ་དང་གྲོས་ཚོགས་འཐུས་མི། གསར་འགོད། ཁྲིམས་རྩོད་པ་སོགས་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་པས། ལྕམ་ཁོང་གི་ལས་ཡུན་སྐབས་སུ་ཧོང་ཀོང་ནི་རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་སུ་མང་གཙོའི་རང་དབང་མེད་པ་ཆགས་ཡོད་པ་རེད།
སྤྱི་ཁྱབ་དཔོན་གསར་པ་སུ་འོས་འདེམས་བྱུང་མིན་ཤོད་ཚོད་དཀའ་ཡང་། དེ་ནི་ཁོང་དང་གཅིག་མཚུངས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་སླེབས་རྒྱུ་གཏན་འཁེལ་ཡིན་འདུག གང་ཡིན་ཟེར་ན་ལོ་སྔོན་མར་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་ཁྲིམས་ལ་བསྐྱར་བཅོས་བྱས་ཏེ། རྒྱལ་ཞེན་ལྡན་པའི་འོས་མི་གཅིག་པུ་མ་གཏོགས་སླེབས་རྒྱུ་མེད་པ་བཟོས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།