ཧོང་ཀོང་སྤྱི་ཁྱབ་པ་གསར་པའི་དམ་འབུལ་མཛད་སྒོར་ཞི་ཅིན་ཕིན་མཉམ་བཞུགས་བྱས་འདུག

ཟླ་འདིའི་ཚེས་༡ ཉིན་དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཉམ་བཞུགས་བྱས་ཡོད་པ་མ་ཟད། ཐེངས་འདེའི་དུན་དྲན་ཉིན་ཧོང་ཀོང་གི་སྤྱི་ཁྱབ་པ་སྐབས་དྲུག་པར་འདེམས་ཐོན་བྱུང་བ་ཇོ་ཧན་ལི་(John Lee) ཡིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱི་མདུན་ནས་ལས་ཁུལ་དམ་འབུལ་བྱས་འདུག 

སྤྱི་ཁྱབ་པ་གསར་པ་ནི་དེ་སྔ་ཧོང་ཀོང་གི་སྤྱི་ཁྱབ་ཉེན་རྟོག་དཔོན་ཡིན་པའི་སྐབས། ཕྱི་ལོ་༢༠༡༩ ལོར་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་དང་འབྲེལ་ནས་མང་ཚོགས་ཀྱིས་ངོ་རྒོལ་བྱེད་པའི་སྐབས། ཧོང་ཀོང་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ལ་རྡུང་རྡེག་དང་དྲག་ཤུགས་བཀོལ་ཏེ་ལས་འགུལ་བ་མང་དག་ཅིག་བཙོན་འཇུག་བྱས་ཡོད་པས། ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་མང་པོས་ཁོ་པ་ནི་རྒྱ་ནག་གཞུང་གི་རྒྱུགས་ཁྱི་ཞིག་ཡིན་པར་སྐྱོན་བརྗོད་བྱས་ཡོད་འདུག

དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་སྐབས་ཞི་ཅིན་ཕིན་གྱིས། ཧོང་ཀོང་ནི་ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ཁྲིམས་ཀྱིས་དབང་སྒྱུར་འོག་སྲུང་སྐྱོབ་བྱེད་བཞིན་ཡོད་པས་ཧོང་ཀོང་གི་མཐུན་སྒྲིལ་དང་བསྟན་ལྷིང་ལ་གནོད་སྐྱོན་བཟོ་རྒྱུ་མཚམས་འཇོག་དགོས་པ་མ་ཟད། དབྱིན་གཞུང་བཙན་རྒྱལ་རིང་ལུགས་པས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་པའི་ཉིན་མོ་ནས་བཟུང་ཧོང་ཀོང་ནང་མང་གཙོ་དངོས་སུ་འགོ་བརྩམས་ཡོད་སྐོར་བརྗོད་འདུག

དེ་ཡང་ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧོང་ཀོང་ནང་དུ་མཚམས་གཟིགས་སུ་སླེབས་པའི་སྐབས། ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགྲུལ་བ་མང་དག་ཅིག་གིས་ཞི་ཅིན་ཕིན་ལ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་སྐབས་ཧོང་ཀོང་གི་སྲང་ལམ་ཡོངས་སུ་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་བྱས་ཏེ། མི་མང་གི་འགྲོ་སྐྱོད་ལ་དམ་དྲག་དང་། འགྲིམ་འགྲུལ་དང་མི་མང་འདུ་འཛོམས་བཀག་འགོག་ནན་པོ་བྱས་ཡོད་འདུག

དེ་བཞིན་རོའུ་ཌར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་སྲིད་བློན་བྷོ་རེ་སེ་ཇོ་སན་(Boris Johnson) གྱིས་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་སྐབས། རྒྱལ་ཁབ་གཅིག་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་འཛིན་རྒྱུའི་དམ་བཅའ་ཁས་ལེན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལ་འགན་ལེན་མ་བྱས་པར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་ཁྲིམས་གཞི་གསར་པ་ལག་ལྟར་བྱས་པ་མ་ཟད། མང་གཙོའི་རང་དབང་གི་འོས་བསྡུའི་ལམ་ལུགས་ལ་འགྱུར་བ་བཏང་བ་དེ་ནི་རྒྱ་ནག་ཁས་ལེན་བྱས་པའི་དམ་བཅའ་ལས་འགལ་ཡོད་ལུགས་དང་། དབྱིན་གཞུང་གིས་རྒྱ་ནག་གིས་ཁས་ལེན་བྱས་པའི་སྲིད་བྱུས་དེ་དག་ལག་བསྟར་བྱེད་རྒྱུའི་ཐད་ཤུགས་སྣོན་བྱེད་རྒྱུ་ཡིན་པ་བརྗོད་འདུག

གསར་འགོད་པ་ཆོས་གྲགས།

Share this:

Leave a Reply