ཧོང་ཀོང་སྤྱི་ཁྱབ་པས་ཁ་འཐོར་གྱི་ཧོང་ཀོང་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཟེར།

ལོ་ན་༥༠ ཡིན་པའི་ཧོང་ཀོང་གི་སྤྱི་ཁྱབ་པ་བུད་མེད་ཐེངས་དང་པོ་ལྕམ་ཁེ་རི་ལམ་ལ་འོས་ཐོབ་རྗེས། མང་གཙོའི་དབང་ཚད་ཆེན་པོར་རྒྱབ་སྐྱོར་བྱེད་མཁན་དང་རང་ཐག་རང་གཅོད་དང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་རྒྱ་ནག་ཕྱོགས་གཏོགས་སོགས་ཁ་འཐོར་དུ་གནས་ཡོད་པའི་ཧོང་ཀོང་གྲོང་ཁྱེར་དེ། ཆིག་སྒྲིལ་བཟོ་རྒྱུ་དེ་མོའི་ལས་ཀ་གལ་གནད་ཆེ་ཤོས་ཡིན་སྐོར་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་མི་གྲངས་༡༢༠༠ ལས་གྲུབ་པའི་ལྷན་ཚོགས་ཀྱིས། ཧོང་ཀོང་གི་སྤྱི་ཁྱབ་པའི་འོས་བསྡུ་བྱས་ཡོད་པ་དང་། འོས་འཕེན་པའི་ཁྲོད་མང་གཙོ་དོན་གཉེར་བ་༣༢༥ ཡོད་འདུག་ཀྱང་། ཚོགས་མི་མང་ཆེ་བ་རྒྱ་ནག་གི་ཕྱོགས་གཏོགས་ཡིན་འདུག་པས། འོས་བསྡུའི་གྲུབ་དོན་དུ་རྒྱ་ནག་གི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་ལྕམ་ཁེ་རི་ལམ་ལ་འོས་གྲངས་༧༧༧ བྱུང་ནས་འོས་ཐོབ་ཡོད་འདུག

ལྕམ་ཁེ་རི་ལམ་གྱིས་ཧོང་ཀོང་གིས་རིན་ཐང་ཆེན་པོ་བརྩི་བཞིན་པའི་གསར་འགོད་རང་དབང་དང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

འོས་བསྡུ་བྱེད་ཡུལ་གྱི་ལྟེ་གནས་ཁང་གི་ཕྱི་ལོགས་སུ་མང་གཙོ་དོན་གཉེར་བ་མང་པོ་ཞིག་གིས་ངོ་རྒོལ་བྱས་འདུག་པ་དང་། སྐབས་དེར་ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་སེར་པོའི་ལས་འགུལ་ཆེན་མོའི་ན་གཞོན་འགོ་ཁྲིད་ཇོ་ཤི་ཝ་ཝོང་གིས། འོས་བསྡུའི་བརྒྱུད་རིམ་དེ་ནི་འདེམས་སྒྲུག་ཡིན་པ་ལས་འོས་བསྡུ་མ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༤ ལོར་པེ་ཅིང་སྲིད་གཞུང་གིས་འཆར་འགོད་བྱས་པའི་ཕྱི་ལོ་༢༠༡༧ ལོའི་ཧོང་ཀོང་གི་སྤྱི་ཁྱབ་པ་འོས་འདེམས་གཏན་འབེབས་ནང་། ཐེངས་དང་པོར་ཧོང་ཀོང་མི་མང་གིས་འོས་བླུག་སྟེ་སྲིད་གཞུང་གི་འགོ་ཁྲིད་འདེམས་པའི་ཆོག་མཆན་ཐོབ་ཡོད་ཀྱང་། གཙོ་འཛིན་གྱི་འོས་མི་རྣམས་འོས་བསྡུ་ལྷན་ཁང་བརྒྱུད་དེ་བཀའ་ཁྲོལ་ཐོབ་དགོས་པ་མ་ཟད། འོས་བསྡུ་ལྷན་ཚོགས་དེའི་ཚོགས་མི་༡༢༠༠ ཡོད་པའི་ནང་གི་མང་ཤོས་པེ་ཅིང་ཕྱོགས་གཏོགས་ཀྱི་མི་ཡིན་པར་བརྟེན། ཧོང་ཀོང་གི་སློབ་ཕྲུག་གཙོས་པའི་མང་གཙོའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས། དེ་ནི་མང་གཙོའི་རྣམ་པ་རྫུན་མ་ཡིན་པའི་སྐྱོན་བརྗོད་འོག་ངོ་རྒོལ་ཤུགས་ཆེན་བྱས་ནས། ཉི་གདུགས་ཀྱི་ལས་འགུལ་ཆེན་མོ་ཞེས་པ་བྱུང་ཡོད་པ་རེད།

ལས་འགུལ་དེའི་རྗེས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུར་མང་གཙོ་དོན་གཉེར་བ་དང་རང་བཙན་དོན་གཉེར་བ་སོགས་མང་པོ་ཞིག་འོས་མིར་ལངས་ཡོད་པ་རེད་དེ། རང་བཙན་དོན་གཉེར་བ་ཁག་ཅིག་འོས་བསྡུར་མཉམ་ཞུགས་བྱེད་བཅུག་མེད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།