ཧོང་ཀོང་སློབ་ཕྲུག་ཚོགས་པས་ཉེན་བརྡ་བཏང་བ།
ཧོང་ཀོང་གི་སློབ་གྲྭ་༢༠ ཙམ་གྱི་སློབ་མས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་། སློབ་གྲྭའི་ནང་རང་བཙན་གོ་རྟོགས་སྤེལ་བར་བཀག་འགོག་མུ་མཐུད་བྱས་ཚེ་ངོ་རྒོལ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
དེ་ཡང་ཟླ་འདིའི་ཚེས་༨ ཉིན་གྱི་ཧོང་ཀོང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བསྒྲགས་གཏམ་དེ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ལ། སློབ་མའི་སྐུ་ཚབ་ཚོས་ཧོང་ཀོང་ཤེས་ཡོན་ལྷན་ཁང་གིས་སློབ་གྲྭ་ཁག་ནང་རང་བཙན་གྱི་སྐོར་ལ་གྲོས་གླེང་སོགས་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ་མི་ཆོག་པའི་བསྒྲགས་གཏམ་དེ་ཕྱིར་འཐེན་དགོས་པ་དང་། རང་བཙན་སྐོར་སློབ་གྲྭ་ཁག་ནང་ངོ་སྤྲོད་ཚུལ་དང་ལྡན་པ་བྱེད་སྟངས་ཐད་ལམ་སྟོན་གྱི་རྩ་འཛིན་གསལ་པོ་བཟོས་དགོས་པའི་དགོས་འདུན་བཏོན་འདུག
བསྒྲགས་གཏམ་དེའི་ནང་སློབ་གྲྭའི་ནང་རང་བཙན་དང་འབྲེལ་བའི་ལྟེབ་ཤོག་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་དེ་ནི་གཞུང་དང་སློབ་གྲྭའི་ཤེས་ཡོན་སྲིད་ཇུས་དང་མཐུན་པ་ཡིན་ཡང། སློབ་ཕྲུག་ཁག་ཅིག་ལ་སློབ་གྲྭས་བཀག་འགོག་བྱས་པའི་གནས་ཚུལ་ཐོན་པ་རྣམས་ལ་བློ་ཕམ་ཡོད་པས། སློབ་གྲྭའི་འཛིན་སྐྱོང་རྣམས་སློབ་ཕྲུག་གི་རྒྱབ་ལ་ལངས་ནས། སློབ་ཕྲུག་གི་རང་དབང་ལ་རྩིས་མེད་བྱེད་རྒྱུ་མཚམས་འཇོག་དགོས་པའི་རེ་སྐུལ་དང་། བཀག་འགོག་ག་ཚོད་བྱས་ན་སློབ་ཕྲུག་ཚོགས་པ་དེ་ལས་མང་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་སློབ་གྲྭས་མུ་མཐུད་སློབ་ཕྲུག་ཚོའི་རང་བཙན་ཁྱབ་སྤེལ་གྱི་བྱེད་སྒོར་བཀག་འགོག་བྱས་ཚེ། ཕར་རྒོལ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ཕར་རྒོལ་གང་འདྲ་བྱེད་རྒྱུ་ཡིན་སྐོར་གསལ་མི་འདུག་པས། གསར་འགོད་ལྷན་ཚོགས་སྐབས་དྲི་བ་དེར། ཁོ་ཚོས་སློབ་གྲྭ་བཙན་བཟུང་བྱེད་སྲིད་སྐོར་ལན་འདེབས་བྱས་འདུག
ཉེ་བའི་ཆར་ཧོང་ཀོང་ནང་རྒྱ་ནག་གི་མངའ་ཁོངས་ལས་ཐོན་ཏེ་རང་བཙན་རྒྱལ་ཁབ་ཅིག་བྱེད་པའི་ལྟ་བར་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། ཟླ་༨ པའི་ནང་ཧོང་ཀོང་ཤེས་ཡོན་ལྷན་ཁང་གིས། སློབ་གྲྭའི་ནང་དགེ་རྒན་ཚོས་ཧོང་ཀོང་གི་རང་བཙན་ལྟ་བར་རྒྱབ་སྐྱོར་ཐོག་ཁྱབ་སྤེལ་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་དགེ་རྒན་དོ་བདག་གི་སློབ་ཁྲིད་ཆོག་པའི་ལག་ཁྱེར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། སློབ་གྲྭ་ཁག་ནང་ཁ་བྲལ་གྱི་ལས་འགུལ་སྤེལ་མི་ཆོག་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད་དེ། སློབ་ཕྲུག་རྣམས་ཀྱིས་སྲིད་ཇུས་དེར་ངོ་རྒོལ་ཆེད་སློབ་ཕྲུག་གི་ཚོགས་པ་བཙུགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།