ཧྥ་རན་སི་དང་འཇར་མན་གཉིས་ནང་འགྲོ་སྐྱོད་བཀག་རྒྱ་བཏང་འདུག 

ཡུ་རོབ་ཁུལ་དུ་རྒྱ་ནད་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་རིམ་པ་གཉིས་པ་འགོ་བཙུགས་ནས། ཉིན་རེའི་ནད་པའི་ཁ་གྲངས་མང་དུ་འགྲོ་བཞིན་པ་དང་བསྟུན། ཡུ་རོབ་ཀྱི་དཔལ་འབྱོར་ཆེ་ཤོས་གྲས་སུ་ཡིན་པའི་ཧྥ་རན་སི་དང་འཇར་མན་གཉིས་ཀྱིས་ཟླ་གཅིག་ཙམ་གྱི་འགྲོ་སྐྱོད་བཀག་རྒྱ་བཏང་འདུག འོན་ཀྱང་དེ་སྔོན་ཟླ་༣ པའི་ནང་གི་བཀག་རྒྱ་ལས་ཅུང་ལྷོད་པ་ཡོད་འདུག 

ཟླ་༡༠ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༨ ཉིན་ཧྥ་རན་སིའི་སྲིད་འཛིན་མེར་ཁོན་གྱིས་ཚེས་༣༡ ནས་བདུན་ཕྲག་བཞིའི་རིང་ཧྥ་རན་སི་ནང་དུ་འགྲོ་སྐྱོད་བཀག་སྡོམ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་པ་དང་། དེའི་སྔོན་དུ་འཇར་མན་གྱི་སྲིད་བློན་ལྕམ་མེར་ཀེལ་གྱིས་ཀྱང་ཟླ་༡༡ པའི་ཚེས་༢ ཉིན་ནས་བདུན་ཕྲག་བཞིའི་རིང་རྒྱལ་ཡོངས་སུ་འགྲོ་སྐྱོད་བཀག་སྡོམ་གི་གསལ་བསྒྲགས་བྱས་འདུག 

དེ་ཡང་ཡུ་རོབ་ནང་དུ་ཉེ་བའི་ཆར་ནས་ཏོག་དབྱིབས་ནད་པའི་ཁ་གྲངས་ཆེན་པོ་འཕར་མགོ་བཙུགས་ནས། ནད་དུག་ཁྱབ་གདལ་གྱི་རིམ་པ་གཉིས་པར་ངོས་འཛིན་བྱེད་བཞིན་འདུག་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་གནས་སྟངས་ཚབས་ཆེ་ཤོས་ཧྤ་རན་སི་ཡིན་འདུག 

ཧྥ་རན་སིའི་བཀག་རྒྱ་གསར་པ་དེའི་ནང་ཕྱི་ལོགས་སུ་ལས་ཀ་དང་སྨན་བཅོས། དགོས་གལ་ཆེ་བའི་ཟ་བཅའ་དང་ཅ་དོངས་ཉོ་བ།  ཕ་མ་སྤུན་མཆེད་ལ་རོགས་རམ། རང་གི་ཁྱིམ་གྱི་འགྲམ་དུ་རྐང་ཐང་དང་རྒྱུག་ཤར་སོགས་ལུས་རྩལ་གྱི་ཆེད་དུ་ཐོན་ཆོག་གི་ཡོད་འདུག་ཀྱང་། ཕྱི་རུ་འགྲོ་བའི་རྒྱུ་མཚན་འཁོད་པའི་འགེངས་ཤོག་བཀང་དགོས་ཀྱི་ཡོད་འདུག ཟ་ཁང་དང་ཆང་ཁང་སོགས་དགོས་གལ་ཆེན་པོ་མིན་པའི་ཚོང་རྣམས་སྒོ་རྒྱག་རྒྱུ་ཡིན་ཡང་། སློབ་གྲྭ་དང་བཟོ་གྲྭ་སྒོ་མུ་མཐུད་ཕྱེ་རྒྱུ་ཡིན་འདུག ད་སྔོན་ནས་ཧྥ་རན་སི་རྒྱལ་ས་དང་མངའ་ཁུལ་ཁག་ཅིག་ཏུ་དགོང་མོ་ཕྱི་ལོགས་སུ་ཐོན་མི་ཆོག་པའི་བཀག་རྒྱ་བཏང་ཟིན་ཡོད་པ་རེད་འདུག ཧྥ་རན་སིའི་སྨན་ཁང་མཐུན་ཚོགས་ཀྱིས་ཀྱང་ད་ལྟའི་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། རྒྱལ་ཡོངས་སུ་འགྲོ་སྐྱོད་ཡོང་རྫོགས་བཀག་སྡོམ་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་རྒྱལ་ཡོངས་སུ་སྨན་ཁང་ཁག་གི་ནང་དུ་ཛ་དྲག་སྨན་བཅོས་ཁང་གི་ཉལ་ཁྲི་གྲངས་ཀྱི་ཕྱེད་ཀ་ཚང་མ་ཏོག་དབྱིབས་ནད་པ་ཡིན་འདུག་པ་དང་། ཉེན་རེའི་ཏོག་དབྱིབས་ནད་པ་གྲངས་ཁྲི་གསུམ་ལས་མང་བ་འགྲོ་བཞིན་ཡོད་པས། སྨན་ཁང་ཁག་ཏུ་ནད་པའི་ཤོང་ཚད་ལ་གནོན་ཤུགས་ཆེན་པོ་སླེབས་ཉེན་ཡོད་འདུག 

དེ་བཞིན་འཇར་མན་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་དང་སྔོན་འགོག་གི་ལས་གཞི་དེ་ཡུ་རོབ་ནང་དུ་གྲུབ་འབྲས་ཡག་གྲས་སུ་ཚུད་ཀྱི་ཡོད་ཀྱང་། ཉེ་བའི་བདུན་ཕྲག་ཁ་ཤས་ནང་ནད་དུག་ཁྱབ་གདལ་གྱི་མྱུར་ཚད་འཕར་ཡོད་པས། སྔོན་ཚུད་ནས་བཀག་འགོག་བྱེད་ཆེད་དུ་བདུན་ཕྲག་བཞི་རིང་འགྲོ་སྐྱོད་བཀག་རྒྱ་བཏང་ཡོད་པ་རེད་འདུག བཀག་རྒྱ་ནང་དུ་སློབ་གྲྭ་དང་སྔོན་འགྲོ་སློབ་གྲྭ་མུ་མཐུད་ནས་སྒོ་ཕྱེ་རྒྱུ་ཡིན་པ་དང་། ཟ་ཁང་དང་ཆང་ཁང་ནང་དུ་སྡོད་མི་ཆོག་དང་ཁ་ལག་དང་ཨ་རག་མངགས་ནས་འཁྱེར་རྒྱུ་ཡོད་འདུག དེ་བཞིན་མི་ཕན་ཚུན་འཛོམས་རྒྱུའི་ཐད་ཁྱིམ་ཚང་གཉིས་དང་མང་ཤོས་མི་༡༠ མ་གཏོགས་འཛོམས་ཆོག་གི་མེད་འདུག སྤྱིར་བཏང་ད་ལྟའི་ཆར་འཇར་མན་གྱི་སྨན་ཁང་ཁག་གི་ནང་དུ་ཏོག་དབྱིབས་ནད་པ་རྣམས་ལ་སྨན་བཅོས་བྱེད་པའི་ཤོང་ཚད་ནུས་པ་ཡོད་འདུག་ཀྱང་། ནད་དུག་ཁྱབ་གདལ་གྱི་མྱུར་ཚད་ལ་བཀག་འགོག་མ་བྱས་ཚེ་བདུན་ཕྲག་ཁ་ཤས་ནས་གནས་སྟངས་ཛ་དྲག་ཆགས་ཉེན་ཡོད་འདུག 

ད་བར་ཧྥ་རན་སིར་ནད་པ་གྲངས་ས་ཡ་གཅིག་དང་འབུམ་གཉིས་བརྒལ་ཟིན་འདུག་པ་དང་། ཚེ་སྲོག་ཤོར་མཁན་གྲངས་ཁྲི་གསུམ་དང་ལྔ་སྟོང་བརྒལ་ཟིན་འདུག འཇར་མན་ནང་དུ་ནད་པ་འབུམ་བཞི་དང་ཁྲི་བརྒྱད་བརྒལ་ཟིན་ཡོད་ཁར། ཚེ་སྲོག་ཤོར་མཁན་གྲངས་ཁྲི་གཅིག་བརྒལ་ཟིན་འདུག 

དེ་བཞིན་དབྱིན་ཡུལ་ནང་དུ་ཉམས་ཞིབ་གསར་པ་ཞིག་ནང་དུ་ཉིན་རེར་མི་འབུམ་གཅིག་ལྷག་ལ་ནད་དུག་འགོས་ཀྱི་ཡོད་པའི་ཚོད་དཔག་བྱས་ཏེ། བཀག་འགོག་གི་ལས་དོན་ལ་འགྱུར་བཅོས་གཏོང་དགོས་པ་ཛ་དྲག་ཆགས་ཡོད་པའི་ཉེན་བརྡ་བཏང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།