ཧྥ་རན་སི་རུ་བོད་མི་གཉིས་བསད་ཡོད་འདུག
ཡུ་རོབ་བོད་གནས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༥ པའི་ཚེས་༢༦ སྟེ་གཟའ་པ་སངས་ཉིན་ཧྥ་རན་སིའི་རྒྱལ་ས་པེ་རེ་སི་དང་སྤྱི་ལེ་ལྔ་བརྒྱ་ལྷག་ཡོད་པའི་གྲོང་ཁྱེར་ཤཱམ་པུ་རེའི་Chambery གསར་འགྱུར་དྲ་རྒྱའི་ཐོག་བོད་མི་སྐྱེས་པ་ཞིག་གིས་བོད་མི་ཕོ་མོ་གཉིས་ལ་གྲིས་བརྒྱབ་ནས་བསད་པའི་གནས་ཚུལ་སྤེལ་ཡོད་འདུག
དེ་ཡང་གྲོང་ཁྱེར་དེར་ཡོད་པའི་རྒྱ་མིའི་ཟ་ཁང་Grand Buffet Royal ཞེས་པའི་སྦྱིན་བདག་གིས་བརྗོད་པ་ལྟར་ན། བུ་མོ་དེས་ཟ་ཁང་ནང་ཞབས་ཞུ་མའི་ལས་ཀ་བྱེད་ཀྱི་ཡོད་པ་དང་མོ་རླངས་འཁོར་འཇོག་སའི་ཉེ་འཁྲིས་སུ་བསད་ཡོད་པ་དང་། སྐྱེས་པ་དེ་ཟ་ཁང་ཐོག་གི་ཁང་པའི་ནང་དུ་བསད་འདུག བོད་མི་གཞན་ཞིག་གིས་དོན་རྐྱེན་དེ་བྱུང་བར་བཀག་འགོག་བྱེད་སྐབས་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་དུ་ལྷུང་ཡོད་ནའང་ཉེན་ཁ་ལས་ཐར་ཡོད་འདུག ས་གནས་ཉེན་རྟོག་པས་མི་གསོད་ཀྱི་ལག་དམར་དེ་གཟའ་པ་སངས་དགོང་མོ་འཛིན་བཟུང་བྱས་ཡོད་པ་དང་དོན་རྐྱེན་དེ་ནི་མི་སྒེར་ནང་ཁུལ་གྱི་རྩོད་རྙོག་འོག་བྱུང་བ་ཡིན་ཚུལ་དང་། ད་ལྟའི་ཆར་དོན་རྐྱེན་འབྱུང་རྐྱེན་ངོ་མ་ཅི་ཡིན་ཞིབ་འཇུག་བྱེད་བཞིན་ཡོད་ཚུལ་བརྗོད་འདུག མི་གསོད་དོན་རྐྱེན་དེའི་སྐོར་ཧྥ་རན་སིའི་བོད་མིའི་ཁྲོད་མི་གསོད་ལག་དམར་བ་དང་ཟ་ཁང་ཞབས་ཞུ་མའི་ལས་ཀ་བྱེད་མཁན་བུ་མོ་དེ་གཉིས་དགའ་བོ་ཡིན་པ་དང་། བུ་མོ་དེ་དང་ཟ་ཁང་ནང་ལས་ཀ་བྱེད་མཁན་སྐྱེས་པ་དེ་གཉིས་ཚུལ་མིན་གྱི་འབྲེལ་བ་ཡོད་པར་དོགས་ཏེ་བུ་མོ་དེའི་དགའ་བོས་གྲིས་བརྒྱབ་ཏེ་བསད་པ་རེད་ཅེས་གླེང་བཞིན་ཡོད་འདུག འདས་གྲོངས་སུ་ཕྱིན་པའི་སྐྱེས་བ་དེའི་མིང་ལ་བཀྲིས་ཚང་ཟླ་བ་ཟེར་བ་དང་བུ་མོ་དེའི་མིང་ལ་ཀརྨ་ཚེ་རིང་ལྷ་མོ་ཟེར་གྱི་ཡོད་པའི་གནས་ཚུལ་སྤེལ་འདུག ཕྱི་ཚེས་༢༩ ཉིན་ཧྥ་རན་སིའི་ལི་ཐང་ཚོགས་པས་འདས་གྲོངས་སུ་ཕྱིན་པའི་བོད་མི་གཉིས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་འདུག་ལ། གནས་ཚུལ་དེའི་འབྱུང་རྐྱེན་ཁ་གསལ་ད་དུང་ཤེས་རྟོགས་བྱུང་མ་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།