ཧྥ་རན་སིའི་ཆེད་མཁས་མི་སྣ་ངན་བསླུ་དང་རྒྱ་ནག་གི་དབང་ཆ་རྒྱ་བསྐྱེད་ཡོང་ཐབས།

རྒྱ་ནག་དམར་གཞུང་གིས་ཧྤ་རན་སིའི་ཆེད་མཁས་མི་སྣ་སྟོང་ཚོ་ཁག་ཅིག་ངན་སླུ་བྱས་དང་བྱེད་བཞིན་པ་ལ་བརྟེན་ནས། གོ་ལ་ཁྱོན་ཡོངས་སུ་རྒྱ་ནག་གི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གསང་མྱུལ་བ་ཚོས་སྤྱི་ཚོགས་དྲ་ལམ་ཐོག་སོ་སོའི་ཁ་བྱང་འདྲ་མིན་སྣ་ཚོགས་པ་གསར་བཟོ་བྱས་ནས། རང་ཉིད་ཡར་ཐོན་ཚོང་ལས་ཁང་གི་སྐུ་ཚབ་དང་། ཚན་རིག་པ། ཚད་མཐོའི་འཛིན་སྐྱོང་དོ་དམ་པ། སྲིད་ཇུས་ཉམས་ཞིབ་པའི་ཚོགས་མི། དེ་བཞིན་གཞན་ཤུགས་རྐྱེན་ཆེ་བའི་མི་སྣ་ཁག་ཡིན་ཁུལ་གྱིས་ཧྥ་རན་སིའི་ཆེད་མཁས་མི་སྣ་དང་འབྲེལ་བ་བཙུགས་ནས། དེ་དག་རྒྱ་ནག་ནང་ཕྱིན་ཚེ་འགྲོ་བསྐྱོད་སོགས་ཀྱི་འགྲོ་གྲོན་ཚང་མ་རིན་མེད་ཀྱི་ཐོག་ནས་ལྟ་སྐོར་དུ་ཁྲིད་རྒྱུ་ཡིན་པ་བརྗོད་དེ། ཧྥ་རན་སིའི་ཆེད་མཁས་མི་སྣ་རྣམས་རྒྱ་ནག་ནང་དངོས་སུ་ལྟ་སྐོར་དུ་བསྐྱོད་སྐབས། བྱ་བཞག་སྣ་ཚོགས་པ་སྤེལ་བའི་ས་གནས་འདྲ་མིན་ནང་ཁྲིད་ནས། སྐབས་དེའི་ཧྥ་རན་སིའི་ཆེད་མཁས་མི་སྣའི་བྱ་བཞག་ཐོག་བརྙན་པར་དང་པར་རིས་བླངས་པ་བརྒྱུད། རྗེས་སུ་རྒྱ་ནག་གཞུང་ལ་དགོས་མཁོ་ཡོད་པའི་གནས་ཚུལ་རྣམས་མ་བརྗོད་ཚེ། དེ་སྔོན་འགྲུལ་བཞུད་སྐབས་སུ་བླངས་པའི་འདྲ་པར་དང་། འགྲུལ་བཞུད་སྐབས་ཀྱི་དཔལ་འབྱོར་གྱི་འགྲོ་གྲོན་རྩིས་ཁྲ་བཀྲམ་པ་སོགས་ཀྱི་ལམ་ནས་མཚང་འདོན་བྱ་རྒྱུའི་སྡིགས་སྐུལ་བྱེད་དང་བྱས་མུས་ཡིན་འདུག

དེ་ཡང་རྒྱ་ནག་གཞུང་གིས་དམིགས་འབེན་འཛིན་སའི་ཧྥ་རན་སའི་ཆེད་མཁས་མི་སྣ་༤༠༠༠ ཙམ་ཡོད་འདུག་པའི་ཁོངས་ནས་༡༧༠༠ ཙམ་ཧྥ་རན་སིའི་གཞུང་འབྲེལ་ལས་བྱེད་ཡིན་འདུག

དེ་སྔོན་ཟླ་འདིའི་ཕྱི་ཚེས་༡༩ ཉིན་པཱ་རི་སིར་རྟེན་གཞི་ཧྤ་རན་སིའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གི་ལས་འགུལ་དེའི་རྒྱབ་ལྗོངས་སུ། རྒྱ་ནག་དམར་ཤོག་གཞུང་གི་གསང་མྱུལ་ཚན་པ་གཙོ་བོ་རྒྱ་ནག་བདེ་འཇགས་ལྷན་ཁང་ཞེས་པ་དེ་ཡོད་སྐོར་བརྗོད་འདུག་པ་དང་། དེ་བཞིན་ཧྥ་རན་སིའི་གཞུང་ནས་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་ལས་འགུལ་གྱི་ཁྱབ་ཚད་དེས་ཧྥ་རན་སིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དེ་སྔོན་‘བྱུང་མྱོང་མེད་པའི་ཉེན་ཁ་’ཞིག་ཡོང་གི་ཡོད་པ་བསྟན་གྱི་ཡོད་པ་དང་། དེ་བཞིན་གནད་དོན་དེ་ཚབས་ཆེན་པོར་བརྩི་བཞིན་ཡོད་པ་བཅས་བསྒྲགས་ཡོད་འདུག

སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གིས་ཐབས་ཇུས་སྣ་ཚོགས་པ་བེད་སྤྱོད་བྱས་ནས། གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་བརྩོན་གྱི་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་སྟབས། རྒྱལ་ཁབ་སོ་སོའི་མངའ་ཁོངས་ཀྱི་མི་སེར་དང་གསང་མྱུལ་ཚན་པར་དེའི་ཐོག་གདོང་ལེན་བྱེད་རྒྱུའི་ཉེན་བརྡ་བཏང་བའི་གནས་ཚུལ་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།