ཧྥ་རན་སིའི་བོད་ཀྱི་ཚོགས་པ་བཞིས་ལོ་གསར་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག

ཧྥ་རན་སིའི་བོད་རིགས་ཚོགས་པ་དང་ཆོལ་ཁ་གསུམ་གྱི་ཚོགས་པ་ཐུན་མོང་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བོད་ཀྱི་ལོ་གསར་གྱི་དགའ་སྟོན་ཕྱིར་འཐེན་བྱེད་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག

པར། ཧྥ་རན་སི་བོད་རིགས་ཚོགས་པ།

ཟླ་འདིའི་ཚེས་༡༢ ཉིན་ཧྥ་རན་སི་བོད་རིགས་ཚོགས་པས་ངོ་དེབ་ཐོག་ཏུ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ལོ་འདིར་བོད་ཀྱི་ལོ་གསར་གྱི་དགའ་སྟོན་ཕྱིར་འཐེན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། གསལ་བསྒྲགས་དེའི་ནང་དུ། ཕྱི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༥ ཐོག་བོད་ཀྱི་ས་ཁུལ་དིང་རི་དང་གཏིང་སྐྱེས། ལྷ་རྩེ། ས་སྐྱ། ངམ་རིང་སོགས་སུ་ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ། རང་རིགས་སྤུན་ཟླ་མང་པོ་ཞིག་འདས་གྲོངས་སུ་གྱུར་པ་མ་ཟད། མི་རྒྱུ་གཉིས་ཀར་གནོད་སྐྱོན་ཚབས་ཆེན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། འདི་ག་ཧྥ་རན་སིའི་བོད་རིགས་ཚོགས་པ་དང་ཆོལ་ཁ་གསུམ་བཅས་ཚོགས་པ་ཁག་བཞི་ཐུན་མོང་ནས་མ་གྲོས་བསམ་པ་གཅིག་མཐུན་ཐོག ལོ་འདིའི་བོད་ཀྱི་ལོ་གསར་གྱི་དགའ་སྟོན་དེ་བཞིན་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱུང་བ་ལགས་ན་ཧྥ་རན་སིའི་ནང་གནས་བཞུགས་རྩམ་ཟན་བོད་མི་ཡོངས་ཀྱི་ཐུགས་ལ་དེ་དོན་འཇགས་པར་འཚལ་ཞེས་བཀོད་འདུག

ཟླ་འདིའི་ཚེས་༡༢ ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་པེ་རེ་སིའི་དཔལ་ཡོན་སློབ་གྲྭའི་ཚོགས་ཁང་ནང་བོད་ནང་ས་འགུལ་སྐབས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེན་བྱུང་བར་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཚོགས་འདུག

ཟླ་འདིའི་ཚེས་༧ ཉིན་གྱི་ཞོགས་པར་བོད་ནང་གི་སྟོད་དིང་རི་ཁུལ་དུ་ས་འགུལ་ཚད་རིམ་༧.༡ བརྒྱབ་ནས་ད་བར་རྒྱ་ནག་གཞུང་གི་གསར་ལམ་གྲངས་ཐོ་ལྟར་ན་མི་གྲངས་༡༢༦་དང་བོད་མི་ཚོས་རྙེད་པ་༡༣༤ ཡས་མས་འདས་གྲོངས་སུ་ཕྱིན་ཞིང་། མི་གྲངས་༣༣༨ ་རྨས་སྐྱོན་ཕོག་ཡོད་འདུག

གཞན་ཡང་ཟླ་འདིའི་ཚེས་༡༣ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་༨།༥༧ ཐོག་བདུན་ཕྲག་སྔོན་མའི་ས་འགུལ་འབྱུང་སའི་ལྟེ་བ་ནས་ཀི་ལོ་མི་ཊར་༩ ཡི་མཚམས་སུ་ས་འགུལ་རིམ་པ་༤.༩ ཅན་ཞིག་བརྒྱབ་ནས་སྐར་མ་གཅིག་གི་རྗེས་སུ་ཡང་བསྐྱར་ས་འགུལ་རིམ་པ་༥ ཅན་ཞིག་བརྒྱབ་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།