ཧྥ་རན་སིའི་འགྲེམས་སྟོན་ཁང་ལ་ཁྲིམས་ཐོག་ནས་ཉེན་བརྡ་བཏང་ཡོད་འདུག

ཧྥ་རན་སིར་ཡོད་པའི་གྷི་མེད་འགྲེམས་སྟོན་ཁང་གིས་བོད་ཀྱི་སྡེ་ཚན་གྱི་མིང་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བསྒྱུར་ཡོད་པ་དེ་ལས་ད་དུང་འགྱུར་བ་བཏང་མེད་པར་བརྟེན། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཁྲིམས་རྩོད་པ་གླས་ནས་ཁྲིམས་ཐོག་ནས་གྷི་མེད་འགྲེམས་སྟོན་ཁང་ཟེར་བ་དེ་ལ་ཉེན་བརྡ་བཏང་ཡོད་འདུག
ཕྱི་ཚེས་༢༧ ཉིན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲྭ་ཐོག་ཏུ་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེ་ཡང་ཕྱི་ལོ་༢༠༢༤ ནང་ཧྥ་རན་སིའི་རྒྱལ་སར་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་གཉིས་ནང་དུ་ཡོད་པའི་བོད་པའི་དངོས་རྫས་རྣམས་ཀྱི་དཀར་ཆག་ནང་ཤིས་ཙང་(XI ZANG)ཞེས་པར་བསྒྱུར་ཏེ་དབྱིན་ཡིག་ནང་ཡོངས་གྲགས་ཡིན་པའི་(TIBET)ཞེས་པ་དེ་བེད་སྤྱོད་མ་བྱས་པར་བརྟེན། བོད་མི་ཚོས་ངོ་རྒོལ་དང་སྐད་འབོད་བྱས་ཡོད། འགྲེམས་སྟོན་ཁང་གཅིག་གིས་ནོར་འཁྲུལ་ངོས་ལེན་གྱིས་བོད་མི་ཚོའི་རེ་འདུན་ལྟར་བསྒྱུར་བཅོས་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། (MUSÉE GUIMET)ཟེར་བའི་འགྲེམས་སྟོན་ཁང་དེར་ངོ་རྒོལ་དང་ཞུ་ཡིག་ག་ཚོད་ཕུལ་ཡང་། བོད་ཀྱི་སྡེ་ཚན་གྱི་མིང་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བསྒྱུར་ཡོད་པ་དེ་ལས་འགྱུར་བ་བཏང་མེད་པར་བརྟེན། ད་བར་ཧྥ་རན་སིའི་ནང་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ངོ་རྒོལ་ཐེངས་མང་པོ་བྱས་ཡོད་ཀྱང་། ད་དུང་མིང་ལ་འགྱུར་བ་བཏང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཁྲིམས་རྩོད་པ་གླས་ནས་ཁྲིམས་ཐོག་ནས་གྷི་མེད་འགྲེམས་སྟོན་ཁང་ཟེར་བ་དེ་ལ་ཉེན་བརྡ་བཏང་བའི་གསལ་བསྒྲགས་ཤིག་སྤེལ་འདུག
གསལ་བསྒྲགས་དེའི་ནང་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཁྲིམས་རྩོད་པ་བརྒྱུད་གྷི་མེད་འགྲེམས་སྟོན་ཁང་དང་རིག་གཞུང་བློན་ཆེན་(Rachida Dati)ཟེར་བ་ཁོང་ལ་དགོས་འདུན་དངོས་གཞི་ཞིག་བཏོན་ཡོད་འདུག་ལ། དེ་ཡང་འགྲེམས་སྟོན་ཁང་གིས་བོད་ཅེས་པའི་མིང་ནག་བསུབ་བཏང་ནས་ཧི་མ་ལ་ཡའི་འཛམ་གླིང་ཞེས་བེད་སྤྱོད་ཀྱི་ཡོད་སྟབས། ཐེངས་འདིར་གྷི་མེད་འགྲེམས་སྟོན་ཁང་གིས་བོད་ཀྱི་སྒྱུ་རྩལ་དང་འབྲེལ་བའི་མིང་བྱང་དང་དཔེ་དེབ་འགྲེམས་སྟོན་ཡིག་ཆའི་ནང་བོད་ཅེས་པའི་མིང་བསྐྱར་གསོ་དགོས་པའི་རེ་འདུན་བཏོན་པ་དང་ཆབས་ཅིག ཕྱི་ལོ་༢༠༢༤ ཟླ་བ་༢ པ་ནས་མིང་བསྒྱུར་བཅོས་བྱས་པ་དེས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་གནོད་སྐྱོན་ཐེབས་ཡོད་པ་གསལ་སྟོན་བྱས་ཡོད་འདུག་ལ། དོན་དངོས་ཐོག་ཧྥ་རན་སིའི་བོད་(France -Tibet)དང་གངས་སེང་མོན་བྷོ་ལོང་(Lion Des Neiges Mont Blance)སོགས་ཚོགས་པ་ཁག་ཅིག་གི་མིང་བསྒྱུར་བཅོས་བྱས་པ་མོས་མཐུན་མེད་པའི་རྣམ་འགྱུར་ཤུགས་དྲག་བསྟན་ཡོད་འདུག
ད་དུང་གསལ་བསྒྲགས་དེའི་ནང་རྒྱུ་མཚན་ལྡན་པའི་ལོ་རྒྱུས་སམ་རིག་གཞུང་གི་རྒྱབ་ལྗོངས་གང་ཡང་མེད་པའི་འགྱུར་བ་འདིས། ཕྱོགས་ལྷུང་མེད་པའི་དྲང་བདེན་གྱི་རྩ་དོན་ལ་འགལ་འཛོལ་བྱས་ཡོད་པར་བརྗོད་འདུག དེ་བཞིན་ཨེ་ཤེ་ཡའི་སྒྱུ་རྩལ་ལ་འཁྱོག་བཤད་མེད་པའི་ལོ་རྒྱུས་ཀྱི་ངོ་བོ་དྲང་པོར་མཚོན་ཐུབ་པ་ཞིག་བཟོས་ཏེ་མི་རིགས་དང་རིག་གཞུང་གི་ངོ་བོ་བརྩི་བཀུར་བྱེད་དགོས་པར་ནན་སྐུལ་བྱེད་ཀྱི་ཡོད་པ་དང་། འགྱུར་བ་དེ་ནི་ཚན་རིག་དང་ལོ་རྒྱུས་ཀྱི་ཐོག་ནས་མ་དག་པ་ཙམ་མ་ཟད། བོད་སྐོར་གྱི་རྒྱ་ནག་གི་བཙན་འཛུལ་གཏམ་རྒྱུད་ལ་རྒྱབ་སྐྱོར་བྱེད་པའི་ཉེན་ཁ་ཡང་ཡོད་པ་དང་། ཨེ་ཤེ་ཡའི་ཕྱི་ལོགས་ཀྱི་ཨེ་ཤེ་ཡའི་སྒྱུ་རྩལ་བསྡུ་རུབ་ཆེ་ཤོས་བྱེད་སའི་འགྲེམས་སྟོན་ཁང་ཞིག་ཡིན་པའི་ཆ་ནས། དེའི་བྱ་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། མ་འོངས་པའི་མི་རབས་ཚོའི་ཆེད་དུ་ཡིན་པའི་བོད་ཀྱི་རིག་གཞུང་དང་ངོ་བོ་བསུབ་པར་འགྲོ་བཞིན་ཡོད་ཅེས་དང་།
ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན་ནས་གྷི་མེ་འགྲེམས་སྟོན་ཁང་གིས་ཨེ་ཤེ་ཡའི་སྒྱུ་རྩལ་ཡོངས་རྫོགས་ལ་ཞིབ་ཕྲ་དང་སྣ་མང་ཕུན་སུམ་ཚོགས་པའི་ངང་འགྲེམས་སྟོན་བྱེད་རྒྱུའི་ཁས་ལེན་ལ་ངེས་པར་དུ་གུས་བརྩི་བྱེད་དགོས་པ་དང་། དམ་དྲག་དང་ཆབ་སྲིད་ཀྱི་འཁྱོག་བཤད་མེད་པ་དགོས་ཞེས་བརྗོད་ཡོད་འདུག་ཅིང་། ཁྲིམས་ཐོག་ནས་ཉེན་བརྡའི་ཡི་གེ་དེ་ཧྥ་རན་སིའི་རིག་གཞུང་བློན་ཆེན་(Rachida Dati)དང་ཕྱི་འབྲེལ་བློན་ཆེན་(Jean-Noel Barrot) དེ་བཞིན་གྷི་མེར་འགྲེམས་སྟོན་ཁང་གི་ཚོགས་གཙོ་(Yannick Lintz)བཅས་ལ་བཏང་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།