ཧྥ་རན་སིའི་རྒྱའི་ཟ་ཁང་དུ་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་འདུག

ཟླ་འདིའི་ཚེས་ ༡༡ ཉིན་གྱི་ཕྱི་དྲོར་ཧྥ་རན་སིའི་བྱང་ཕྱོགས་(Normandie)ས་ཁུལ་དུ་(saint Leonards) ཟེར་བའི་ཧྥེ་ཀེམ་(Fecamp)གྲོལ་རྡལ་ས་གནས་ཀྱི་རྒྱའི་ཟ་ཁང་ནང་ལས་ཀ་བྱེད་མཁན་བོད་མི་ཞིག་ལ་ཟ་ཁང་གི་བདག་པོས་གྲི་བཙུགས་ནས་དམར་གསོད་བཏང་བའི་དོན་རྐྱེན་བྱུང་ཡོད་འདུག དེ་དང་འབྲེལ་ནས་ཧྥ་རན་སིར་གནས་སྡོད་བྱེད་མཁན་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་འདུག

ཧྥ་རན་སིའི་ཧྥེ་ཀེམ་ (Fecamp) གྲོལ་རྡལ་ས་གནས་ཀྱི་རྒྱའི་ཟ་ཁང་ནང་དུ་ལས་ཀ་བྱེད་མཁན་ལི་ཐང་ནས་ཡིན་པའི་བོད་མི་ཚུལ་ཁྲིམས་ཟེར་བ་ཞིག་ལ་ཟ་ཁང་གི་བདག་པོས་གྲི་བཙུགས་ནས་དམར་གསོད་བཏང་བའི་དོན་རྐྱེན་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང། འོན་ཀྱང་ད་ལྟའི་འཆར་ཧྥ་རན་སིའི་ས་གནས་ཉེན་རྟོག་པས་དོན་རྐྱེན་དེ་འབྲེལ་ནས་ཉེས་ཅན་པ་རྩད་གཅོད་བྱེད་བཞིན་ཡོད་པ་དང་རྒྱུ་རྐྱེན་གང་ཡིན་སོགས་ལ་བརྟག་དཔྱད་བྱེད་བཞིན་ཡོད་འདུག

དེ་བཞིན་མི་གསོད་དོན་རྐྱེན་དེ་བྱུང་བའི་རྗེས། ཕྱི་ཚེས་ ༡༣ ཉིན་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། ས་གནས་དོན་གཅོད་འབྲེལ་མཐུད་པ། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན། ས་གནས་ཀྱི་ཆོལ་ཁ་གསུམ་གྱི་སྐྱིད་སྡུག་གི་ཚོགས་གཙོ་ཚོགས་གཞོན་རྣམས་པ། དེ་བཞིན་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་འཐུས་མིས་ཛ་དྲག་ཚོགས་འདུ་འཚོགས་ཏེ། དོན་རྐྱེན་དེ་དང་འབྲེལ་ནས་དོན་ཚན་ ༥ ཕྱིར་བསྒྲགས་བྱས་པའི་ནང་། ཕྲལ་དུ་ཁྲིམས་རྩོད་པ་ཚད་ལྡན་ཞིག་གླས་ཏེ་མི་བསད་པའི་གྱོད་དོན་ཞུ་གཏུག་བྱ་རྒྱུ་དང་། ཧྥན་རན་སིའི་སྲིད་བློན་དང་། ཁྲིམས་དོན་བློན་ཆེན། ནང་སྲིད་ལས་ཁུངས། ཉེན་རྟོག་ལས་ཁུངས་བཅས་སུ་བོད་རིགས་ཚོགས་པའི་མིང་ཐོག་ནས་སྙན་ཞུ་འབུལ་རྒྱུ། དེ་བཞིན་ཟླ་འདིའི་ཚེས་ ༡༧ ཉིན་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཧྥན་རན་སིར་གནས་སྡོད་བོད་རིགས་རྣམས་ཀྱི་པེ་རི་སི་ལ་བོད་མི་གང་མང་མཉམ་ཞུགས་ཀྱིས་གཞི་རྒྱ་ཆེ་བའི་མྱ་ངན་གྲོམ་བགྲོད་སྤེལ་རྒྱུ། ཕྱི་ཚེས་ ༡༨ ཉིན་དོན་རྐྱེན་བྱུང་སའི་ས་ཁུལ་དུ་གཞི་རྒྱ་ཆེ་བའི་མྱ་ངན་གྲོམ་བགྲོད་སྤེལ་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་ཡིན་པ་མ་ཟད། ཧྥ་རན་སིའི་རྒྱའི་ཟ་ཁང་ནང་ལས་ཀ་བྱེད་བཞིན་པའི་བོད་མི་ཚང་མས་ཟླ་གཅིག་རིང་ལས་མཚམས་བཞགས་ནས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་དགོས་པའི་རེ་སྐུལ་བྱས་ཡོད་འདུག

ཐེངས་འདིའི་དམར་གསོད་དོན་རྐྱེན་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་མང་པོ་བྱེད་བཞིན་ཡོད་འདུག དམར་གསོད་ཀྱི་དོན་རྐྱེན་དེ་བྱུང་བའི་རྗེས་ཧྥ་རན་སིའི་ས་གནས་ཁག་ཏུ་རྒྱའི་ཟ་ཁང་ནང་དུ་ལས་ཀ་བྱེད་བཞིན་ཡོད་པའི་བོད་མི་མང་པོ་ཞིག་གིས་ལས་གནས་ནས་རྩ་དགོངས་ཞུ་མཁན་དང་ལས་མཚམས་འཇོག་མཁན་ཐོན་བཞིན་ཡོད་པའི་གནས་ཚུལ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མཐོང་རྒྱུ་ཡོད་པ་མ་ཟད། འདས་པོ་ཁོང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ཧྥ་རན་སིའི་ཕྱོགས་མཐའ་ཁག་ལ་གནས་སྡོད་མི་མང་པོ་ཞིག་མེ་འཁོར་དང་། སྤྱི་སྤྱོད་རླང་འཁོར། མཁའ་ལམ་བརྒྱུད་ནས་ཧྥ་རན་སིའི་བོད་རིགས་ཚོགས་པས་གོ་སྒྲིག་གནང་འཆར་ཡོད་པའི་གཞི་རྒྱ་ཆེ་བའི་མྱ་ངན་གྲོམ་བགྲོད་ལས་འགུལ་ནང་མཉམ་བཞུགས་བྱེད་ཆེད་དུ་པེ་རི་སི་རུ་འགྲོ་བཞིན་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༣ ཉིན་དོན་རྐྱེན་བྱུང་ཡུལ་གྱི་ས་གནས་སུ་བོད་མི་མང་པོ་ཞིག་འདུ་འཛོམས་བྱས་ནས་ངོ་རྒོལ་སྐད་འབོད་ཀྱིས་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག སྐབས་དེར་བོད་མི་ཁག་ཅིག་གིས་ཟ་ཁང་ལ་གཏོར་རྒོལ་ཡང་བྱས་ཡོད་འདུག་པ་དང་། རྗེས་སུ་ཁོང་རྣམས་སྤྱི་སྤྱོད་རླང་འཁོར་ནང་དུ་ཕྱིར་ལོག་བྱེད་བཞིན་པའི་སྐབས་སུ། ལམ་ཟུར་དུ་ས་གནས་ཧྥ་རན་སི་མི་སེར་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་དུ་ལག་བ་བརྡབ་བཞིན་པའི་བརྙན་ཡང་མཐོང་རྒྱུ་འདུག

དེ་ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། འདས་པོ་ཁོང་གི་ཕ་ཡུལ་ལི་ཐང་ནས་ཡིན་པ་དང་། མིང་ལ་ཚུལ་ཁྲིམས་ཟེར་ཞིང་ད་ལྟ་རང་ལོ་ ༣༠ སོན་པ་ཞིག་ཡིན་པ་མ་ཟད། ཁོ་པ་རྒྱའི་ཟ་ཁང་དུ་ལས་ཀ་བྱས་ནས་ཉིན་ཤས་ལས་འགྲོ་ཡི་མེད་སྐོར་དང་། ཟ་ཁང་དེའི་ནང་ལས་ཀ་བྱས་མཁན་བོད་མི་ཁོང་གཅིག་པོ་ཡིན་པ་མ་ཟད། ཁོང་ལ་ཟ་ཁང་གི་སྦྱིན་བདག་དང་ལས་མི་ཁག་ཅིག་གིས་རུབ་བརྒྱབ་ནས་དམར་གསོད་བཏང་ཡོད་སྐོར་བརྗོད་བཞིན་ཡོད་འདུག །

 

གསར་འགོད་པ། ཆོས་གྲགས།

Share this:

Leave a Reply