ཧྥ་རན་སིའི་སྐྱབས་བཅོལ་བའི་ཁྲིམས་དམ་དུ་གཏོང་འཆར་འདུག

ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་སྐྱབས་བཅོལ་བའི་ཁྲིམས་དམ་དུ་གཏོང་ཆེད། སྐྱབས་བཅོལ་ཞུ་བའི་དུས་ཚོད་ཐུང་དུ་གཏོང་རྒྱུ་དང་། ཁྲིམས་འགལ་གྱིས་ཧྥ་རན་སིའི་ནང་དུ་འཛུལ་མཁན་ལ་ལོ་གཅིག་གི་བཙོན་འཇུག་བྱེད་ཆོག་པའི་ཁྲིམས་འཆར་ཞིག་ལ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་འདུག

ཟླ་༤ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༤ པའི་ཚེས་༢༢ ཉིན་ཧྥ་རན་སིའི་གྲོས་ཚོགས་འོག་མའི་ནང་།  ཧྥ་རན་སིའི་ནང་སྐྱབས་བཅོལ་ཞུ་བའི་དུས་ཚོད་ཐུང་དུ་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་གནས་སྤོ་བ་རྣམས་བཀག་ཉར་བྱེད་ཆོག་པའི་དུས་ཚོད་ཉིན་༩༠ བར་རིང་དུ་གཏོང་བ། དེ་བཞིན་ཧྥ་རན་སིར་ཁྲིམས་འགལ་ཐོག་ནས་འཛུལ་བར་ལོ་གཅིག་རིང་བཙོན་འཇུག་བྱེད་ཆོག་པ་སོགས། སྐྱབས་བཅོལ་བའི་ཁྲིམས་དམ་དུ་གཏོང་བའི་ཁྲིམས་འཆར་ཞིག་ལ། གྲོས་ཚོགས་འཐུས་མི་༢༢༨ ཀྱིས་རྒྱབ་སྐྱོར་དང་། ༡༣༩ ཡིས་དགག་བྱ། ༢༤ ཡིས་མཉམ་ཞུགས་མ་བྱས་པ་བྱུང་ནས། ཁྲིམས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་རེད་འདུག

ཟླ་༦ པའི་ནང་ཁྲིམས་འཆར་དེའི་ཐོག ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་བགྲོ་གླེང་བྱ་རྒྱུ་ཡིན་འདུག་ཀྱང་། མཐའ་མའི་ཐག་གཅོད་དེ་གྲོས་ཚོགས་འོག་མས་བྱེད་ཀྱི་ཡོད་འདུག་པས། གྲོས་ཚོགས་འཐུས་མི་ཁག་ཅིག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས། སྐྱབས་བཅོལ་བའི་ཁྲིམས་འཆར་དེ་ཐལ་དྲགས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

ཁྲིམས་འཆར་དེས་ཕྲུ་གུ་རྣམས་ལ་སྐྱབས་བཅོལ་ཐོབ་པའི་ལམ་ལུགས་ལས་སླ་རུ་གཏོང་གི་ཡོད་འདུག་པ་དང་། འབྲེལ་ཡོད་ལས་བྱེད་ཚོར་སྐྱབས་བཅོལ་ཞུ་སྐུལ་ལ་བརྒྱུད་རིམ་གྱི་ལས་ཀ་བྱེད་པའི་དུས་ཚོད་ཀྱང་ཐུང་དུ་གཏོང་གི་ཡོད་འདུག

དེང་གི་ཆར་ཧྥ་རན་སིའི་ནང་བོད་མི་སྐྱབས་བཅོལ་ཞུ་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། སྐབས་རེ་བོད་མི་དང་མི་རིགས་གཞན་མང་དྲགས་ནས། ཕྱི་ལོགས་སུ་ཉལ་དགོས་པ་ཆགས་ཀྱི་ཡོད་པ་དང་། ཧྥ་རན་སིའི་བརྒྱུད་ལམ་ཁག་ཏུ་ཡང་བོད་མི་སྐྱབས་བཅོལ་ཞུ་མཁན་སྐོར་ལ་ཡང་མང་པོ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

This will close in 0 seconds