ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་ཡིད་ཆེས་ཡོད་སྐོར་བརྗོད་འདུག 

ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་གྱིས་ཨུ་རུ་སུ་དང་ཡུག་ཀེ་རན་བར་གྱི་དམག་འཁྲུག་དེ་ཞི་འཇགས་ཡོང་བར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨུ་རུ་སུར་སྐུལ་མ་བྱེད་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ཟླ་༤ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་སུ་སླེབས་ཡོད་འདུག་པ་དང་། ཁོང་དང་མཉམ་དུ་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཨུར་སུ་ལཱ་ཝོན་ཌེར་ལཱི་ཡཱེན། དེ་བཞིན་ཚོང་ལས་འགོ་ཁྲིད་༥༠ ཡི་སྐུ་ཚབ་ཚོགས་པ་སླེབས་ཡོད་འདུག ཕྱོགས་ཕེབས་དེའི་སྐབས་སུ་ཚོང་ལས་འགོ་ཁྲིད་ཁག་ཅིག་གིས་ཚོང་འབྲེལ་གསར་པའི་གན་རྒྱ་འཇོག་རྒྱུ་ཡིན་པ་དང་། ཁག་ཅིག་གིས་ཚོང་འབྲེལ་གྱི་གྲོས་མོལ་མཇུག་བསྒྲིལ་ནས་གན་རྒྱ་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད་འདུག 

ཕྱོགས་གཉིས་བར་གྱི་ཐུག་འཕྲད་རྗེས་སུ། ཧྥ་རན་སིའི་སྲིད་འཛིན་མེར་ཁོ་རོན་གྱིས་ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་བྱས་ཏེ། ཡུ་རོབ་ནང་ལོ་ངོ་བཅུ་ཕྲག་མང་པོའི་རིང་གི་ཞི་བདེ་དེ་མེད་པ་བཟོས་པ་དང་། རྒྱུན་གནས་ཐུབ་པའི་ཞི་བདེ་ཞིག་ཡོང་བར། རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་ཡོད་པའི་ས་མཚམས་ལ་གུས་བརྩི་བྱེད་རྒྱུའི་གནད་དོན་དེ་ནི་རྒྱ་ནག་དང་ཧྥ་རན་སི། ཡུ་རོབ་བཅས་ཀྱི་གལ་ཆེན་འཛིན་གྱི་ཡོད་པ། ཡུག་ཀེ་རན་གྱི་དམག་འཁྲུག་དེ་མཚམས་འཇོག་རྒྱུ་ཙམ་མིན་པར། ཡུག་ཀེ་རན་གྱི་རང་བཙན་དང་མངའ་ཁུལ་བདག་དབང་ལ་གུས་བརྩི་བྱེད་དགོས་པ། དེ་ནི་ཞི་བདེ་རྒྱུན་གནས་ཡོང་བའི་ཆ་རྐྱེན་གཅིག་པུ་དེ་ཡིན་སྐོར་བརྗོད་ནས། ཁོང་གིས་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱུ་མཚན་བཤད་ནས་དམག་འཁྲུག་མཚམས་འཇོག་བྱེད་པའི་སྐུལ་མ་བྱེད་པ་དང། ཕྱོགས་ཚང་མ་བསྐྱར་དུ་གྲོས་མོལ་ལམ་ལ་འཁྲིད་ཡོང་ཐབས་བྱེད་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གིས་ཡུག་ཀེ་རན་གྱི་དམག་འཁྲུག་དང་འབྲེལ་ནས། ཞི་བདེ་ཡོང་ཆེད་དུ་གྲོས་མོལ་བྱེད་དགོས་པའི་དགོས་འདུན་འདོན་བཞིན་པ་དང་། རྡུལ་མཚོན་བེད་སྤྱོད་གཏོང་རྒྱུར་དགག་བྱ་བྱེད་ཀྱི་ཡོད་པ། དེ་བཞིན་ཧྥ་རན་སི་དང་མཉམ་དུ། རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྩོད་རྙོག་དེ་ཚབས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་འཇུག་མི་ཉན་པའི་དགོས་འདུན་འདོན་རྒྱུར་གྲ་སྒྲིག་ཡིན་སྐོར་བརྗོད་འདུག 

དཔྱད་བརྗོད་པ་མང་པོ་ཞིག་གིས་ཧྥ་རན་སིའི་སྲིད་འཛིན་གྱིས་ཐེངས་འདིའི་ཐུག་འཕྲད་སྐབས་སུ། ཞི་ཅིན་ཕིང་གི་བསམ་བློ་ལ་འགྱུར་བ་གཏོང་ཐུབ་རྒྱུ་མིན་པ་ཤེས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་ནང་རང་ཉིད་ནི་ཞི་བདེ་བསྐྲུན་ཆེད་དུ་བར་འདུམ་བྱེད་མཁན་གྱི་འགོ་ཁྲིད་ཅིག་ཡིན་པའི་རྣམ་པ་བསྐྲུན་ཐུབ་ཡོད་སྐོར་བརྗོད་བཞིན་འདུག རྒྱ་ནག་གིས་ད་བར་ཡུག་ཀེ་རན་གྱི་དམག་འཁྲུག་དང་འབྲེལ་ནས་ཨུ་རུ་སུར་སྐྱོན་བརྗོད་བྱེད་མྱོང་མེད་ཁར། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་གཏོང་བཞིན་ཡོད་པ་རེད་འདུག 

རྒྱ་ནག་གིས་ཀྱང་རྒྱལ་སྤྱིའི་ནང་དུ་རང་ཉིད་ནི་ཞི་བདེ་བསྐྲུན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་སྟོན་ཐབས་བྱེད་བཞིན་པ་ལྟར། དེ་སྔོན་ཡུག་ཀེ་རན་གྱི་དམག་འཁྲུག་མཚམས་འཇོག་ཡོང་བའི་གྲོས་འཆར་ཡིག་ཆ་ཞིག་བཏོན་ཡོད་པ་དང་། དེར་ནུབ་ཕྱོགས་རྒྱལ་ཁབ་ཚོས་དགག་བྱ་ཆེན་པོ་བྱས་ཡོད་འདུག འོན་ཀྱང་ཡུག་ཀེ་རན་གྱི་སྲིད་འཛིན་ཛཱེ་ལན་སེ་ཀཱི་ཡིས་གྲོས་འཆར་དེ་དང་འབྲེལ་ནས་སྲིད་འཛིན་ཞི་ཅིན་ཕིང་དང་ཐད་ཀར་སྐད་ཆ་བཤད་འདོད་ཡོད་སྐོར་བརྗོད་འདུག ཞི་ཅིན་ཕིང་ནས་ཡུག་ཀེ་རན་གྱི་སྲིད་འཛིན་དང་དུས་ཚོད་རན་པོ་ཞིག་ལ་སྐད་ཆ་བཤད་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།