ཧྥ་རན་སིའི་སྲིད་འཛིན་འོས་མིར་དྲ་ཐོག་ནས་འཇབ་རྒོལ་དང་ཡིག་ཆ་མང་པོ་ཁྱབ་སྤེལ་བྱས་པ།

ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་བྱེད་པར་ཉིན་གཉིས་ལས་མེད་པའི་སྐབས་དང་བསྟུན་ནས། འོས་འགྲན་ཁྲོད་རྒྱལ་ཁ་ཐོབ་རྒྱུའི་ངེས་པ་ཆེ་བའི་སྲིད་འཛིན་འོས་མི་སྐུ་ཞབས་ཨེམ་མུལ་མཱེ་ཁོན་དང་འབྲེལ་བའི་ཡིག་ཆ་མང་པོ་ཞིག དྲ་ཐོག་ནས་འཇབ་རྒོལ་བྱས་ཏེ་སྤྱི་ཚོགས་དྲ་ལམ་ཏུ་ཁྱབ་སྤེལ་བྱས་ཡོད་འདུག

ཟླ་འདིའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།  ཟླ་འདིའི་ཚེས་༥ ཉིན་ཧྥ་རན་སིའི་སྲིད་འཛིན་འོས་མི་སྐུ་ཞབས་ཨེ་མོལ་མཱེ་ཁོན་གྱི་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་གྱི་ལས་བྱེད་ཚོས། དྲ་ཐོག་འཇབ་རྒོལ་བ་ཚོས་སྐུ་ཞབས་མེར་ཁོན་གྱི་གློག་འཕྲིན་དང་སྒེར་དང་ཚོང་འབྲེལ་གྱི་ཡིག་ཆ་མང་པོ་ཞིག་བརྐུས་ནས། དྲ་ཐོག་ཏུ་ཡིག་ཆ་ཁྲི་༧ ལས་མང་བ་ཁྱབ་སྤེལ་བྱས་ཡོད་འདུག་པ་དང་། དེ་དག་གི་ནང་ཡིག་ཆ་རྫུན་མ་དང་དངོས་གནས་གཉིས་ཀ་ཁྱབ་སྤེལ་བྱས་ཡོད་འདུག དེ་ཡང་འོས་བསྡུ་མཁན་མི་མང་རྣམས་ལ་གནས་ཚུལ་ལོག་པ་མཁོ་སྤྲོད་བྱས་ཏེ་མགོ་འཐོམ་དུ་འཇུག་ནས། སྐུ་ཞབས་ཁོང་གི་མིང་གཏོར་སྐྱོན་བྱེད་ཐབས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

སྐུ་ཞབས་ཁོང་གི་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་ཚོགས་པས་འོས་བསྡུ་དང་འབྲེལ་བའི་ཁྱབ་བསྒྲགས་ཀྱི་དུས་ཚོད་མ་རྫོགས་སྔོན་དུ་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག་པ་དང་། དེའི་ནང་བདུན་ཕྲག་ཁ་ཤས་སྔོན་ལ་ཉེས་སྤྱོད་པས། ཚོགས་པ་དེའི་ཚོགས་མི་ཁག་ཅིག་གི་སྒེར་དང་ལས་ཀའི་གློག་འཕྲིན་ལ་འཇབ་རྒོལ་བྱས་ཏེ་ཡིག་ཆ་བརྐུ་མ་ཤོར་ཡོད་པ་དང་། དྲ་ཐོག་ཏུ་ཡིག་ཆ་རྫུན་མ་དང་དངོས་གནས་གཉིས་འདྲེས་མ་ཁྱབ་སྤེལ་བྱས་པ་དེས། མི་མང་མགོ་འཐོམ་དུ་འཇུག་ནས་སྐུ་ཞབས་ཁོང་གི་མིང་གཏོར་སྐྱོན་བྱེད་ཐབས་བྱས་པ། དེ་བཞིན་བྱེད་ལས་དེ་ནི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་སྲིད་འཛིན་འོས་མི་ལྕམ་ཧི་ལ་རི་ཁེལ་ཊོན་དང་འབྲེལ་བའི་ཡིག་ཆ་ཁྱབ་སྤེལ་བྱས་པ་དང་གཅིག་མཚུངས་ཡིན་པས། ངན་བྱུས་བཤམས་ནས་མང་གཙོ་གཏོར་བཤིག་བྱེད་ཐབས་ཡིན་སྐོར་འཁོད་ཡོད་འདུག

ཚེས་༥ ཡི་དགོང་མོའི་ཚུ་ཆོད་༡༢ ཀྱི་རྗེས་ལ་འོས་བསྡུའི་ཁྱབ་བསྒྲགས་དང་འབྲེལ་བའི་ལས་འགུལ་བྱེད་ཆོག་གི་མེད་པས། ད་ལྟའི་ཆར་སྐུ་ཞབས་ཁོང་ལ་གསལ་བཤད་སྣོན་མ་བྱེད་པའི་གོ་སྐབས་མེད་པ་རེད་འདུག དེ་བཞིན་ཧྥ་རན་སིའི་འོས་བསྡུའི་ལས་ཁང་གིས། འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་མཚམས་འཇོག་བྱས་ཡོད་པ་དང་བསྟུན་ནས་རྒྱལ་ཁབ་དེའི་གསར་འགྱུར་བརྒྱུད་ལམ་ཁག་གིས། ཡིག་ཆ་དེ་དག་གི་ནང་དོན་ཕྱིར་བསྒྲགས་བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག

སྐུ་ཞབས་མཱེ་ཁོན་གྱིས་བྱེད་ལས་དེར་སུ་ལ་ཡང་ཉེས་འཛུགས་བྱས་མེད་པ་དང་། དེ་སྔོན་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སྲིད་འཛིན་འོས་མི་ལྕམ་ཧི་ལ་རི་ཁེལ་ཊོན་གྱི་ཡིག་ཆ་རྣམས། དྲ་ཐོག་ཏུ་ཁྱབ་སྤེལ་བྱེད་མཁན་ཝི་ཀི་ལིག་ཚོགས་པས་སྤྱི་ཚོགས་དྲ་ལམ་ཀྲུ་ཊིར་ཐོག་ཏུ་ཡིག་ཆ་དེ་དག་གི་དྲ་ཐོག་འབྲེལ་ལམ་བཀོད་ཡོད་འདུག་ཀྱང་། ཐེངས་འདིའི་ཡིག་ཆ་ཁྱབ་སྤེལ་བྱེད་མཁན་ཁོ་ཚོ་མིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན་ཧྥ་རན་སིའི་འོས་བསྡུའི་ཁྲོད་སྐུ་ཞབས་མཱེ་ཁོན་ལ་རྒྱལ་ཁབ་ཐོབ་ཚེ། ཁོང་ཧྥ་རན་སིའི་ལོ་རྒྱུས་ནང་སྲིད་འཛིན་ལོ་ན་ཆུང་ཤོས་དེ་ཆགས་རྒྱུ་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།