ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་རྒྱལ་ཞེན་རིང་ལུགས་མཁྲེགས་འཛིན་པར་ཕམ་ཉེས་བྱུང་བ།

ཟླ་འདིའི་ཚེས་༧ ཉིན་ཧྥ་རན་སིའི་མི་མང་གིས་སྲིད་འཛིན་གྱི་འོས་བསྡུའི་རིམ་པ་གཉིས་པ་དེ་བྱས་ཏེ། གུ་ཡངས་ཀྱི་ལྟ་བ་འཛིན་མཁན་སྐུ་ཞབས་ཨེམ་མུལ་མེར་ཁོན་ལ་རྒྱལ་ཁ་ཤུགས་ཆེན་ཐོབ་འདུག་པ་དང་། འོས་འགྲན་གྱི་གྲུབ་འབྲས་དེ་ནི་ཡུ་རོབ་ནང་རྒྱལ་ཞེན་རིང་ལུགས་པ་མཁྲེགས་འཛིན་པར་ཕམ་ཉེས་བྱུང་བ་ཐེངས་གཉིས་པ་ཡིན་པ་རེད།

མདུན་བསྐྱོད་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཨེམ་མུལ་མེར་ཁོན་ལ་འོས་འབངས་ཀྱི་བརྒྱ་ཆ་༦༦.༠༦ ཐོབ་ནས་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་དང་།  ཧྥ་རན་སིའི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་མཱེ་རན་ལི་པེན་ལ་འོས་འབངས་ཀྱི་བརྒྱ་ཆ་༣༣ .༩༤ ཐོབ་ཡོད་པ་རེད།

སྐུ་ཞབས་མེར་ཁོན་ནི་ཧྥ་རན་སིའི་ལོ་རྒྱུས་ནས་སྲིད་འཛིན་ལོ་ན་ཆུང་ཤོས་དང་། ཆབ་སྲིད་ཚོགས་པ་ཆེ་ཤོས་དང་རྙིང་ཤོས་གཉིས་ནས་མ་ཡིན་པའི་ཚོགས་པ་ཞིག་གི་འོས་མི་སྲིད་འཛིན་ལ་བདམ་ཡང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་འདུག

རྒྱལ་ཁའི་གཏམ་བཤད་དུ་སྐུ་ཞབས་མེར་ཁོན་གྱིས། ཧྥ་རན་སིའི་ལོ་རྒྱུས་ནང་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེ་ཡོད་པ་དང་། དེ་ཡང་རེ་བ་དང་བསྐྱར་གསོ་བྱས་པའི་ཡིད་ཆེས་ཞིག་བཟོ་འདོད་ཡོད་སྐོར་གསུངས་ནས། སྲིད་འཛིན་གྱི་དུས་ཡོན་ལོ་ལྔའི་རིང་རྒྱལ་ཁབ་ཀྱི་འགལ་ཟླ་དེ་མེད་པ་བཟོ་རྒྱུ། དེ་བཞིན་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་སྲུང་སྐྱོབ། ཡུ་རོབ་ལ་ཡང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག

ཕམ་ཉེས་བྱུང་བའི་ལྕམ་ལི་པེན་གྱིས་འོས་བསྡུ་དེ་བརྒྱུད་ནས། ཧྥ་རན་སིའི་ནང་རྒྱལ་ཞེན་རིང་ལུགས་དང་རྒྱལ་སྤྱིའི་རིང་ལུགས་གཉིས་ཀྱི་བར་ལ་འགལ་ཟླ་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ནས། སླེབས་ལ་ཉེ་བའི་ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར། རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པ་དེའི་ལས་འགུལ་ལ་འགྱུར་བ་ཆེན་པོ་བཏང་ནས་འོས་འགྲན་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག

ལྕམ་མཱེ་རན་ནཱི་ལི་པེན་ནི་ཕྱི་ལོ་༡༩༦༨ ལོའི་ཟླ་༨ པའི་ཚེས་༥ ཉིན་སྐྱེས། མོའི་ཕ་ནི་དུས་ཡུན་རིང་པོར་ཧྥ་རན་སིའི་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་པོ་འཛིན་མཁན་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་འགོ་ཁྲོད་བྱེད་མྱོང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་༡༩༩༡ ལོར་ཁྲིམས་ལུགས་རིག་པའི་གཙུག་ལག་རབ་འབྱམས་པའི་ཐོན། ཕྱི་ལོ་༡༩༩༢ ལོར་ནག་ཉེས་ཁྲིམས་ལུགས་ཀྱི་ཚད་མཐོའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་།

ཕྱི་ལོ་༡༩༨༦ ལོར་ལོ་ན་༡༨ ལ་སོན་སྐབས་ཧྥ་རན་སིའི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་ཚོགས་མིར་ཞུགས། ཕྱི་ལོ་༡༩༩༨ ལོར་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ནས་ད་བར་མུ་མཐུད་འདེམས་ཐོན་བྱུང་ཡོད་འདུག ཕྱི་ལོ་༢༠༠༤ ནས་ད་བར་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་བྱེད་མུས་དང་། དེ་བཞིན་ཕྱི་ལོ་༢༠༠༨ ནས་༢༠༡༡ བར་ཧེ་ནན་བྷེའུ་མོན་ས་གནས་ཀྱི་གྲོས་ཚོགས་འཐུས་མི་བྱས་ཡོད་འདུག

ཕྱི་ལོ་༢༠༡༡ ལོར་ཁོང་མོར་ཧྥ་རན་སིའི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་འགོ་ཁྲིད་དུ་འོས་ཐོབ་བྱུང་ནས། ཕྱི་ལོ་༢༠༡༢ ལོར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་འོས་འབངས་ཀྱི་བརྒྱ་ཆ་༡༧.༩༠ ཐོབ་སྟེ་ཨང་རིམ་གསུམ་པར་སོན་ཡོད་པ་རེད། ཕྱི་ལོ་༢༠༡༧ ལོར་མོ་བསྐྱར་དུ་སྲིད་འཛིན་འོས་མིར་ཞུགས་ནས་འགྲན་རྩོད་བྱས་པས། ཟླ་༤ པའི་ཚེས་༢༣ ཉིན་གྱི་འོས་བསྡུའི་གྲུབ་འབྲས་སུ། མོར་འོས་འབངས་ཀྱི་བརྒྱ་ཆ་༢༡.༣༠ ཐོབ་ནས་ཨང་རིམ་གཉིས་སོན་ནས། དངོས་གཞིའི་འོས་བསྡུའི་འོས་མིར་ཚུད་པ་རེད།

ཕྱི་ལོ་༢༠༡༡ དང་༢༠༡༥ ལོར་སྙན་གྲགས་ཆེ་བའི་ཀྲཱིམ་དུས་དེབ་ཀྱིས་འཛམ་གླིང་ནང་མི་སྣ་དབང་ཤུགས་ཆེ་ཤོས་༡༠༠ ཡི་ཐོ་ཁུངས་སུ་ཚུད་ཡོད་པ་རེད།

མོའི་འོས་བསྡུའི་ཁྱབ་བསྒྲགས་སྐབས་ཧྥ་རན་སི་དེ་ཉིད་ཡུ་རོབ་མཐུན་ཕྱོགས་ནས་ཕྱིར་འཐེན་བྱེད་ཐུབ་ན་ལེགས་ཚུལ་གསུངས་ནས། གལ་ཏེ་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་གནད་དོན་དེའི་ཐད་རྒྱལ་ཡོངས་མང་མོས་འོས་བསྡུ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག སྤྱིར་མོའི་ལངས་ཕྱོགས་སུ་གོ་ལ་གཅིག་གྱུར་དང་རང་དབང་གི་ཚོང་འབྲེལ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་། རྒྱལ་ནང་གི་ཚོང་ཟོག་སྲུང་སྐྱོབ་ཀྱི་ལྟ་བ་འཁྱེར་མཁན་ཞིག་ཡིན་འདུག

དེ་བཞིན་ཧྥ་རན་སིའི་ནང་ཁྲིམས་འགལ་གྱི་གནས་སྤོ་བ་རྣམས་ཕྱིར་འབུད་གཏོང་རྒྱུ་དང་། རྒྱལ་ནང་དུ་ཁ་ཆེ་ཆོས་ལུགས་ཨི་སི་ལམ་གྱི་ཤུགས་རྐྱེན་མེད་པ་བཟོ་རྒྱུ་སོགས་ཀྱི་ལྟ་བ་ཁྱབ་སྤེལ་བྱེད་ཀྱི་ཡོད་པས། མི་མང་པོ་ཞིག་གིས་ལྟ་བ་དེས་ཧྥ་རན་སི་འཇིགས་སུ་རུང་བའི་གནས་སྟངས་ལ་འགྱུར་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད་པ་རེད།

མོའི་ཕྱི་སྲིད་ཀྱི་སྲིད་ཇུས་སུ། ཨུ་རུ་སུ་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨ་རུ་སུར་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུའི་ཉེན་བརྡ་ཁག་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་འདུག

སྐུ་ཞབས་ཨེམ་མུལ་མེར་ཁོན་ནི་ཕྱི་ལོ་༡༩༧༧ ལོའི་ཟླ་༡༢ པའི་ཚེས་༢༡ ཉིན་སྐྱེས་པ་དང་། ཁོང་གིས་སྤྱི་དམངས་ལས་དོན་རིག་པའི་གཙུག་ལག་རབ་འབྱམས་ཐོན་རྗེས། རྒྱལ་ཡོངས་འཛིན་སྐྱོང་རིག་པའི་མཐོ་སློབ་ནས་སྲི་ཞུའི་ལས་བྱེད་མཐོ་རིམ་སྦྱོང་བརྡར་བྱས་ཏེ་ཕྱི་ལོ་༢༠༠༤ ལོར་སློབ་མཐར་ཕྱིན་ཡོད་འདུག

ཕྱི་ལོ་༢༠༠༤ ནས་༢༠༠༨ བར་ཧྥ་རན་སིའི་དཔལ་འབྱོར་ལས་ཁང་ལ་རྩིས་ཞིབ་བྱེད་མཁན་གྱི་ཚོགས་ཆུང་དུ་ལས་ཀ་བྱས་འདུག  ཚོགས་ཆུང་དེས་དཔལ་འབྱོར་ལས་ཁང་ལ་རྩིས་ཞིབ་དང་དཔྱད་ཞིབ། ལམ་སྟོན་སོགས་ཀྱི་འགན་འཁུར་བྱེད་ཀྱི་ཡོད་པས། ཕྱི་ལོ་༢༠༠༧ ལོར་རྩིས་ཞིབ་ཀྱི་ལས་འཁུར་བཞིན་པའི་སྐབས་ཧྥ་རན་སིའི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་ལྷན་ཚོགས་དེའི་སྐུ་ཚབ་འགན་འཛིན་གཞོན་པར་བསྐོ་གཞག་བྱུང་འདུག  ཕྱི་ལོ་༢༠༠༨ ལོར་ལས་ཀ་དེ་བཞག་ནས་མ་རྐང་ཉོ་ཚོང་གི་ཚོང་ལས་ཞིག་ཏུ་གླ་ཆ་མཐོ་བའི་ལས་གནས་ཞིག་ཏུ་ལས་ཀ་བྱས་འདུག

ཕྱི་ལོ་༢༠༠༦ ནས་༢༠༠༩ བར་ཁོང་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་ཚོགས་མི་ཡིན་པ་དང་། ཕྱི་ལོ་༢༠༡༢ ནས་༢༠༡༤ བར་ཁོང་སྲིད་འཛིན་གྱི་ལས་ཁང་གི་དྲུང་གཞོན་གྱི་ལས་འཁུར་བྱས།  དེ་རྗེས་ཕྱི་ལོ་༢༠༡༤ ལོའི་ཟླ་༨ པའི་༢༦ ཉིན་དཔལ་འབྱོར་གྱི་བློན་ཆེན་དུ་བསྐོ་གཞག་བྱས་འདུག

ཕྱི་ལོ་༢༠༡༥ ལོའི་ཟླ་༨ པའི་ནང་སྐུ་ཞབས་ཁོང་གིས་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཚོགས་པ་ནས་ཕྱིར་ཐོན་བྱས་པའི་གསལ་བསྒྲགས་བྱས་པ་དང་། ཕྱི་ལོ་༢༠༡༦ ལོའིཟླ་༤ པའི་ཚེས་༦ ཉིན་ཁོང་གིས་མདུན་བསྐྱོད་ཚོགས་པ་གསར་འཛུགས་བྱས་ནས་ཟླ་༨ པའི་ཚེས་༣༠ ཉིན་སྲིད་གཞུང་གི་བློན་ཆེན་ལས་གནས་ནས་དགོངས་པ་ཞུས་ཏེ། ཟླ་༡༡ པའི་ཚེས་༡༦ ཉིན་ཕྱི་ལོ་༢༠༡༧ ལོའི་སྲིད་འཛིན་འོས་མིར་ལངས་རྒྱུའི་གསལ་བསྒྲགས་བྱས་འདུག ཟླ་༤ པའི་ཚེས་༢༣ ཉིན་གྱི་སྲིད་འཛིན་འོས་བསྡུ་སྐབས་ཁོང་ལ་འོས་འབངས་ཀྱི་བརྒྱ་ཆ་༢༣.༩ ཐོབ་ནས་ཨང་དང་པོ་ཆགས་ཀྱང་མང་མོས་འོས་ཐོབ་མ་བྱུང་བས། དངོས་གཞིའི་འོས་བསྡུའི་འོས་མིར་ཚུད་པ་རེད།

ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་ནང་ཐེངས་དང་པོར་ཆབ་སྲིད་ཀྱི་ཚོགས་པ་ཆེ་ཤོས་གཉིས་ཀྱི་འོས་མི་དག དངོས་གཞིའི་འོས་བསྡུར་ཚུད་མེད་པའི་གནས་ཚུལ་བྱུང་བ་རེད། དེ་བཞིན་ཐེངས་འདིའི་ཧྥ་རན་སིའི་འོས་བསྡུའི་གྲུབ་འབྲས་དེས། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་རྒྱལ་ཞེན་རིང་ལུགས་པ་མཁྲེགས་འཛིན་གྱི་ཆབ་སྲིད་པར་ཕམ་ཉེས་བྱུང་བ་ཐེངས་གཉིས་པ་ཡིན་པ་རེད། དེ་ཡང་ཟླ་༣ པའི་ཚེས་༡༥ ཉིན་ཡུ་རོབ་ཧོ་ལེན་ཌེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་བྱས་ཡོད་པ་དང་། གནས་སྤོ་བ་དང་ཁ་ཆེ་ཆོས་ལུགས་སོགས་ལ་བཀག་འགོག་བྱེད་འདོད་པའི། རྒྱལ་ཞེན་རིང་ལུགས་ཀྱི་ཚོགས་པ་རང་དབང་ཚོགས་པ་ཞེས་པ་དེར་རྒྱལ་ཁ་ཐོབ་མེད་པས། ཚོགས་པ་དེའི་འགོ་ཁྲིད་སྐུ་ཞབས་ཝིལ་ཌེར་ལ་སྲིད་བློན་བྱེད་པའི་གོ་སྐབས་ཐོབ་མེད་པ་རེད། དེ་བཞིན་ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་དེར་ཡུ་རོབ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་མང་པོ་ཞིག་གི་འགོ་ཁྲིད་རྣམས་སེམས་ལ་ལྷོད་ལྷོད་བཟོས་ཡོད་པ་ངེས་གཏན་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།