ཧྥ་རན་སིར་གྷི་མད་འགྲེམས་སྟོན་ཁང་ལ་ངོ་རྒོལ་ལས་འགུལ་ཐེངས་༡༡ པའི་ནང་མཉམ་ཞུགས་དགོས་པའི་རེ་སྐུལ།
ཟླ་འདིའི་ཚེས་༢༨ ཉིན་ཧྥ་རན་སིའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་དོན་གྲུབ་ཀྱིས་ཚོགས་པའི་༼Instagram༽ བརྒྱུད་ལམ་ནས་ཟླ་༡༢ ཚེས་༡ ཉིན་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཆེད་གྷི་མད་འགྲེམས་སྟོན་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་ཐེངས་བཅུ་གཅིག་པ་སྤེལ་རྒྱུའི་གསལ་བསྒྲགས་ཤིག་སྤེལ་འདུག
སྐབས་དེར་ཁོང་གིས་ཟླ་༡༢ ཚེས་༡ རེས་གཟའ་ཉི་མའི་ཉིན། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག གྷི་མད་འགྲེམས་སྟོན་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་ཐེངས་༡༡ པ་དེ་སྤེལ་རྒྱུ་དང་། ད་བར་འགྲེམས་སྟོན་ཁང་ལ་ཡི་གེ་ཐེངས་གསུམ་བཏང་ཀྱང་ཡ་ལན་བྱས་མེད་པར་བརྟེན། ལས་འགུལ་ཐེངས་༡༡ པ་དེ་སྤེལ་འཆར་ཡོད་པར་བརྟེན། ས་གནས་མི་མང་གང་མང་གིས་བོད་ཀྱི་རྒྱལ་དར་ཁྱེར་ནས་ལས་འགུལ་ནང་མཉམ་ཞུགས་གནང་རོགས་ཞེས་རེ་སྐུལ་གསལ་བསྒྲགས་ཤིག་སྤེལ་འདུག
རྩ་བའི་ཉེ་ལམ་ཧྥ་རན་སིའི་རྒྱལ་ས་པེ་རི་སེ་ལ་ཡོད་པའི་འགྲེམས་སྟོན་ཁང་( Musée Quai Branly ) ཞེས་པས་བོད་ཀྱི་དངོས་རྫས་དག་ལ་བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་ (Xizang Autonomous Region) ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷེ་མད་(musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་བཟོ་རིག་ལས་ཐོན་པའི་དངོས་རྫས་དག་ལ་བོད་ཅེས་པའི་མིང་ལ་འགྱུར་བ་བཏང་ནས་དེའི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཞེས་མིང་གསར་པ་བཏགས་པར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་རྗེས། ཟླ་ ༩ ཚེས་ ༢༥ ཉིན་འགྲེམས་སྟོན་ཁང་ ( Musée Quai Branly ) ནོར་འཁྲུལ་ངོས་ལེན་བྱས་ཡོད་ཀྱང་། གྷེ་མད་(musée Guimet) འགྲེམས་སྟོན་ཁང་གིས་ད་བར་ལན་འདེབས་གང་ཡང་མ་བྱས་པར་བརྟེན། བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།