ཧྥ་རན་སིར་ཞི་ཅིན་ཕིང་ལ་བོད་མི་དང་ཡུ་གུར་བ་སོགས་ཀྱི་ངོ་རྒོལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཚོང་དོན་ལས་གཞིར་རྒྱབ་སྐྱོར་འཚོལ་ཕྱིར་ཧྥ་རན་སིར་འབྱོར་སྐབས་དེར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཡུ་གུར་བ་དང་ཐེ་ཝན་སོགས་ཀྱིས་ཉིན་གཉིས་ཀྱི་རིང་ངོ་རྒོལ་ཤུགས་ཆེ་བྱས་འདུག

ཉེ་ཆར་ཞི་ཅིན་ཕིང་ཨི་ཊ་ལི་སོགས་ཡུ་རོབ་རྒྱལ་ཁབ་ཁག་ནས་ཚོང་དོན་གྱི་ལས་གཞིར་རྒྱབ་སྐྱོར་འཐོབ་ཕྱིར་བསྐོར་སྐྱོད་དུ་སོང་སྟེ་ཟླ་འདིའི་ཚེས་༢༤ ཉིན་ཧྥ་རན་སིར་འབྱོར་ཡོད་པ་དང་། སྐབས་དེར་ཧྥ་རན་སི་བོད་རིགས་ཚོགས་པས་གོ་སྒྲིག་གཙོ་བོ་བྱས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཆུ་གཞི་སྒང་དྲུག་དང་དབུས་གཙང་སྐྱིད་སྡུག་ཚོགས་པ། དེ་བཞིན་མདོ་སྨད་ཚོགས་པ་བཅས་ཀྱིས་མཉམ་རུབ་ཐོག བོད་མི་དང་ཧྥ་རན་སིའི་གྲོས་ཚོགས་ཀྱི་འཐུས་མིས་མཚོན་པའི་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་ཡུ་གུར་དང་ཐེ་ཝན། རྒྱ་མིའི་མང་གཙོ་དོན་གཉེར་བ་སོགས་མི་མང་༡༤༠༠ ལྷག་གིས་ངོ་རྒོལ་ཁྲོམ་སྐོར་བྱེད་སྐབས་དེར་བོད་པ་ཚོས་བོད་ཀྱི་རྒྱལ་དར་ལག་ཏུ་ཐོགས་ཏེ་“བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་སོགས་དང་། བོད་ནི་དེ་སྔ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་གྱི་མཐའ་མའི་ཐབས་ལམ་ཡིན། བོད་ལ་རང་དབང་དགོས། བོད་མིར་ཐོབ་ཐང་དགོས”་སོགས་ཀྱི་འབོད་ཚིག་སྒྲོག་པ་དང་བྱང་ཆུབ་སེམས་མཆོག་གི་སྨོན་ཚིག་འདོན་པ་སོགས་བྱས་ཡོད་པ་དང་། གཞན་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཧྥ་རན་སིའི་སྲིད་འཛིན་གྱིས་ཞི་ཅིན་ཕིང་དང་བཀའ་མོལ་གནང་བའི་ཞུ་སྙན་ཕུལ་ཡོད་འདུག

བོད་རིགས་ཚོགས་པའི་ཚོགས་གཞོན་ཆབ་བྲག་ལྷ་མོ་སྐྱབས་ལ་དེ་རིང་ཞི་རྒོལ་བྱེད་དོན་སྐོར་བཅར་འདྲི་བྱེད་སྐབས། ཁོང་གིས་གསུང་དོན། “རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཚོང་དོན་གྱི་སྐོར་བསྐྱོད་ཧྥ་རན་སུ་ལ་ཡོང་འདུག ལྷག་ཏུ་རྒྱལ་ས་ཕེ་རི་སི་ལ་ཡོང་གི་ཡོད་པ་རེད། དེས་ན་ང་ཚོ་བོད་ཕྱི་ནང་གཉིས་ཀ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་མུ་མཐུད་ནས་ང་ཚོས་ཞི་རྒོལ་གྱི་རྣམ་འགྱུར་གྱིས་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་ཀྱི་རེ་བ་དེ་གསལ་སྟོན་བྱ་རྒྱུའི་ཆེད་ལ་བོད་རིགས་ཚོགས་པ་ཡིས་གོ་སྒྲིག་གཙོ་བོ་བྱས་ནས་འཛོམས་ཡོད་རེད་ཅེས་དང་། “ཉིན་གཉིས་ལས་ཆོག་མཆན་ཐོབ་མེད་པ་དང་ཁ་སང་ལྕགས་སྡོང་ཡོད་ས་ནས་ཞི་བདེ་ཡི་ཀ་བ་ཡོད་ས་བར་གོམ་བགྲོད་ཀྱི་གོ་སྐབས་ཡག་པོ་སྤྲད་སོང་། དེ་རིང་འདི་ནས་གོམ་བགྲོད་ཀྱི་ཆོག་མཆན་སྤྲད་མེད་ཀྱང་འདིའི་ཐོག་ཏུ་ཆུ་ཚོད་གསུམ་རིང་བསྡད་ཆོག་རེད།”ཅེས་གསུངས་ཡོད་པ་རེད།

ཧྥ་རན་སིའི་བོད་རིགས་ཚོགས་པས་བསྒྲགས་གཏམ་ནང་དུ། “བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བོད་མིའི་རང་དབང་དང་ཐོབ་ཐང་རྩོད་ལེན་གྱི་ཞི་བའི་འཐབ་རྩོད་རྒྱུན་ཆད་མྱོང་མེད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་བོད་དོན་བདེན་པ་བདར་ཆེད་རང་ལུས་མེར་བསྲེགས་པ་བརྒྱ་དང་ལྔ་བཅུ་ལྷག་བྱུང་ཡོད་པ་འདིས་གསལ་པོ་མཚོན་ཐུབ། གལ་ཏེ་ད་དུང་ཡང་བོད་ཡོངས་ལ་གཅིག་གྱུར་གྱི་རང་སྐྱོང་ཚད་ལྡན་ཞིག་མ་སྤྲད་ན། བོད་མི་ཚོ་བོད་རང་བཙན་བསྐྱར་གསོའི་ལམ་ལ་འགྲོ་ངེས་ཡིན། དེ་བས་བོད་ཀྱི་གནད་དོན་གང་མྱུར་ཐག་གཅོད་བྱེད་དགོས། ༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་དགོས། དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་མི་མང་ང་ཚོའི་རྒྱབ་རྩར་ལོངས་ཤོག བདེན་དོན་རྣམ་པར་རྒྱལ་བར་ཤོག”ཅེས་བརྗོད་ཡོད་པ་རེད།

ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་རྒྱལ་ཁབ་ནང་གཞུང་འབྲེལ་བསྐོར་སྐྱོད་ཡོང་དོན་གཙོ་བོ་ནི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གོ་ལའི་ཚོང་དོན་གྱི་ལས་གཞིའི་ཐོག་ཡོ་རོབ་མཐུན་ཚོགས་དང་ཡོ་རོབ་རྒྱལ་ཁབ་ཁག་གིས་ངོས་ལེན་དང་གན་རྒྱ་འཇོག་ཐུབ་ཕྱིར་ཡིན་པ་དང་། ད་རེས་ཀྱི་གནད་དོན་འདིའི་ཐོག་ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱིས་ཨེ་ཤི་ཡའི་དཔལ་འབྱོར་དབང་བསྒྱུར་བྱ་རྒྱུར་སྔངས་སྐྲག་བསླངས་ཡོད་པར་བརྒྱུད་ལམ་ཁག་ནས་སྤེལ་བཞིན་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།