ཧྥ་རན་སིར་ཡེ་ཤུ་ལྷ་ཁང་ནང་དུ་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ལྷག་འདུག

 ཧྥ་རན་སིའི་སྲིད་འཛིན་གྱིས་ཉེ་ཆར་ཁ་ཆེ་ཆོས་ལུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་ནས་རྩོད་རྙོག་ཆེ་བའི་བསྒྲགས་གཏམ་སྤེལ་རྗེས། ཧྥ་རན་སིའི་ཡེ་ཤུ་ལྷ་ཁང་ཞིག་ནང་དུ་ཁ་ཆེ་བ་ཞིག་གིས་མི་གསོད་ཁྲག་སྦྱོར་བྱས་པའི་གནས་ཚུལ་ཐོན་ནས། རྒྱལ་ཁབ་དེའི་བདེ་འཇགས་ཀྱི་ཚད་གཞི་མཐོ་ཤོས་ལག་བསྟར་བྱས་འདུག 

ཟླ་༡༠ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༩ ཉིན་ཧྥ་རན་སིའི་གྲོང་ཁྱེར་ནཱི་སེའི་ཡེ་ཤུ་ལྷ་ཁང་ཞིག་གི་ནང་དུ། དྲག་སྤྱོད་པ་ཞིག་སླེབས་ནས་ཆོས་པ་དང་ལྷ་ཁང་གི་ལས་བྱེད་ལ་གྲི་བརྒྱབ་ནས་མི་གསོད་ཁྲག་སྦྱོར་བྱས་པ་དང་། ལྷ་ཁང་ནང་དུ་མི་གཉིས་དེ་མ་ཐག་བསད་འདུག མི་གཞན་ཞིག་ཕྱི་ལ་བྲོས་ཐུབ་ཀྱང་གྲི་ཕོག་ཡོད་འདུག་པས་རྗེས་སུ་གྲོངས་ཡོད་པ་དང་། ཉེན་རྟོག་པས་དྲག་སྤྱོད་པ་དེར་མེ་མདའ་བརྒྱབ་ནས་རྨས་འདུག་པ་དང་ད་ལྟའི་ཆར་སྨན་ཁང་དུ་ཡོད་འདུག 

དེ་ཡང་དྲག་སྤྱོད་སྤེལ་མཁན་གྱི་མི་དེ་ནི་ཁ་ཆེ་མང་ཤོས་ཡིན་པའི་ཀྲུ་ནི་ཤི་ཡ་རྒྱལ་ཁབ་ནས། ཉེ་ཆར་ཡུ་རོབ་ཏུ་སླེབས་མཁན་ཞིག་ཡིན་འདུག་པ་དང་། རང་ལོ་༢༡ ཡིན་པ་རེད་འདུག 

ཉེ་ཆར་ཧྥ་རན་སིའི་ལོ་རྒྱུས་དགེ་རྒན་ཞིག་གིས་སློབ་ཕྲུག་ཚོར། ཧྥ་རན་སིའི་ཟུར་ཟའི་དུས་དེབ་གཅིག་གིས་སྤེལ་བའི་རྩོད་རྙོག་ཅན་གྱི་ཁ་ཆེའི་སྟོན་པ་བྲིས་པའི་སྒྲོ་བཏགས་མཚར་རིས་ཞིག་བསྟན་རྗེས། ཁ་ཆེ་ཆོས་ལུགས་པ་ཡིན་པའི་རང་ལོ་༡༨ སོན་པའི་སློབ་ཕྲུག་གཅིག་གིས་དགེ་རྒན་དེའི་མགོ་གཏུབས་ནས་བསད་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་ཧྥ་རན་སི་ནང་དུ་དགེ་རྒན་དེར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་རེད། སྐབས་དེར་ཧྥ་རན་སིའི་སྲིད་འཛིན་མེར་ཁོན་གྱིས་དམར་གསོད་བཏང་བའི་དགེ་རྒན་དེ་དྲན་གསོ་དང་སྦྲགས། ཧྥ་རན་སི་ནང་སྨྲ་བརྗོད་རང་དབང་དེ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། ཁ་ཆེ་ཆོས་ལུགས་པ་མཁྲེགས་འཛིན་རིང་ལུགས་པ་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་པ་འབྱུང་གི་ཡོད་སྐོར་སོགས་ཀྱི་གཏམ་བཤད་སྤེལ་རྗེས། རྒྱལ་སྤྱིའི་ནང་ཁ་ཆེ་མང་པོ་ཞིག་གིས་སྲིད་འཛིན་མེར་ཁོན་གྱིས་ཁ་ཆེ་དང་འཇིགས་སྐུལ་རིང་ལུགས་གཉིས་མཉམ་སྦྱར་བྱས་པར་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་ནང་སྨྲ་བརྗོད་རང་དབང་གི་མིང་ཐོག་ནས་གཞན་ལ་ཟུར་ཟ་བྱས་ཏེ་ཕོག་ཐུག་གམ་སུན་གཙེར་བཟོ་ན་འགྲིག་གི་ཡོད་མེད་ཀྱི་བགྲོ་གླེང་ཆེན་པོ་འབྱུང་བཞིན་ཡོད་པ་རེད་འདུག 

ཧྥ་རན་སིའི་སྲིད་འཛིན་གྱི་གཏམ་བཤད་ལ་བརྟེན་ནས་ཁ་ཆེ་མང་ཤོས་ཡིན་པའི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ། ཧྥ་རན་སིའི་ཚོང་རྫས་ཉོ་རྒྱུ་མཚམས་འཇོག་དགོས་པའི་ལས་འགུལ་དང་། ཧྥ་རན་སིར་ངོ་རྒོལ་ལས་འགུལ་མང་པོ་ཞིག་སྤེལ་ཡོད་པ་དང་། ཡང་རྒྱལ་སྤྱིའི་ནང་ཧྥ་རན་སིའི་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་འབྱུང་བཞིན་འདུག 

ད་ཐེངས་ཀྱི་དྲག་རྒོལ་དེའི་ཁྲོད་དྲག་སྤྱོད་པ་དེས་ལྷ་ཁང་ནང་དུ་ལོ་ན་༦༠ ཡིན་པའི་བུད་མེད་གཅིག་གི་མགོ་བོ་གཏུབས་ཐབས་བྱས་ནས་ཏོག་ཙམ་མ་གཏོགས་མགོ་བོ་ཕལ་ཆེ་བ་ལུས་པོ་ནས་གཏུབས་ཟིན་ཡོད་འདུག 

ཧྥ་རན་སིའི་ཁ་ཆེ་མཐུན་ཚོགས་ཀྱིས་དྲག་སྤྱོད་དེར་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག་པ་དང་། དེ་བཞིན་མི་སྒེར་པ་མང་པོ་ཞིག་གིས་དྲག་སྤྱོད་དེ་ནི་ཁ་ཆེ་ཆོས་ལུགས་ཀྱི་ཆོས་དད་དང་རིན་ཐང་གི་ལྟ་བའི་ཚབ་མཚོན་མིན་སྐོར་བརྗོད་བཞིན་འདུག 

ཧྥ་རན་སིའི་མི་རིགས་རིང་ལུགས་ཀྱི་ལྟ་མཁྲེགས་སྲིད་དོན་ཚོགས་པའི་འགོ་ཁྲིད་དང་དེ་སྔོན་སྲིད་འཛིན་འོས་འགྲན་ལ་ཕམ་ཁ་བྱུང་མཁན་ལྕམ་མཱེ་རི་ནི་ལཱེ་པན་གྱིས་སྤྱི་ཚོགས་དྲ་ལམ་ཊེའི་ཊར་ཐོག་ཏུ། ཧྥ་རན་སི་མི་སེར་ཐོག་ཏུ་ཁ་ཆེ་ཆོས་ལུགས་ཀྱི་དྲག་སྤྱོད་མང་དུ་འགྲོ་བཞིན་ཡོད་པ་དེར། རྒྱལ་སྤྱིའི་ཐོག་ནས་ཧྥ་རན་སི་ནང་དུ་ཁ་ཆེ་རིང་ལུགས་ཀྱི་ལྟ་བ་རྩ་མེད་གཏོང་བར་དམིགས་ནས་ཡ་ལན་བྱེད་དགོས་སྐོར་བརྗོད་འདུག་པར། མཆན་འདེབས་མཁན་ཞིག་གིས་ལྕམ་ཁོང་གིས་ཐོག་མར་འདས་པོ་རྣམས་ལ་མྱ་ངན་མ་ཞུས་པར། གནད་དོན་དེ་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་དགོས་སྐོར་བརྗོད་འདུག 

ཕྱི་ལོ་༢༠༡༦ ལོར་ད་ཐེངས་ཀྱི་དྲག་རྒོལ་བྱུང་ཡུལ་གྲོང་ཁྱེར་དེའི་ནང་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨེ་སི་སིའི་ཚོགས་མི་ཞིག་གིས། མི་མང་དཀྱིལ་དུ་དོ་སྐྱེལ་རླངས་འཁོར་བཏང་ནས་མི་གྲངས་༨༦ བསད་ཡད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།