ཨ་མ་ཞིག་རང་ཤི་ཆེད་ཁང་པར་མེ་སྤར་ཡོད་འདུག
དྷ་ས་གངས་སྐྱིད་ཀྱི་ཉེ་འགྲམ་གྱི་གྲོང་གསེབ་གྷམ་རུ་ལ། ཁང་པ་ཞིག་མེར་ཚིགས་ནས་ཕྲུ་གུ་མ་འབྱར་ཞིག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཕྲུ་གུ་ཨ་མས་རང་ཤི་རྒྱག་ཆེད་མེ་སྤར་ཡོད་པའི་གནས་ཚུལ་འདུག
ཟླ་༦ པའི་ཚེས་༢༥ ཉིན་བོད་མི་མང་པོ་ཞིག་གིས་ཁང་གླ་སྤྲད་ནས་སྡོད་ཡུལ་གྱི་རྒྱ་གར་གྲོང་གསེབ་གྷམ་རུ་དུ། ཉིན་གུང་ཆུ་ཚོད་༡༢ ཙམ་ལ་རྒྱ་གར་ཆ་ཏི་སེ་གྷར་ནས་ཡིན་པའི་ཨར་ལས་བྱེད་མཁན་རྒྱ་གར་ཁྱིམ་ཚང་མང་པོ་སྡོད་ཡུལ་གྱི་ཁང་པ་ཆེན་པོ་ཞིག་མེར་ཚིགས་ཡོད་པ་དང་། སྐབས་དེར་ཐོག་མར་མེ་འབར་ཡུལ་གྱི་ཁང་པ་ནས་ཨ་མ་ཞིག་ཉེན་སྐྱོབ་བྱེད་ཐུབ་ཡོད་ཀྱང་། སྐབས་དེར་ཨ་མ་དེ་དྲན་པ་འཐོར་ཡོད་ཁར། ཕྲུ་གུ་མ་སྦྱར་ཟླ་བ་༡༤ ལོན་པ་ཞིག་ནང་དུ་གཉིད་ཤོར་ཡོད་པ་སུས་ཀྱང་ཧ་མ་གོ་བ་དང་། རྗེས་སུ་ཤེས་རྟོགས་བྱུང་སྐབས་ཕྲུ་གུ་དེ་མེས་ཚིགས་ནས་ཚེ་སྲོག་ཤོར་ཟིན་ཡོད་པ་རེད།སྐབས་དེར་དེ་ཁུལ་སྡོད་མཁན་རྒྱ་གར་ས་གནས་མི་མང་དང་། བོད་མི། ཕྱི་རྒྱལ་བ། ཉེན་རྟོག་པ་ཁག་ཅིག་སོགས་ཀྱིས། མེར་གསོད་ཆེད་ཆུ་བླུགས་པ་དང་ཁང་པ་ནས་ཅ་དངོས་ཕྱིར་འདོན་བྱས་པ་བྱས་ཡོད་པ་དང་། མེ་གསོད་རླངས་འཁོར་མགྱོགས་པོ་མ་སླེབས་པའི་དཀའ་ངལ་འཕྲད་ཡོད་པ་རེད།
སྐབས་དེར་མི་མང་པོ་ཞིག་གིས་ཁང་པ་དེར་མེ་ཤོར་དོན་ནི་ ཐབ་ཀའི་རླངས་རྫས་གས་འཐོར་ལས་བྱུང་བ་ཡིན་པར་ཚོད་དཔག་བྱས་ཡོད་ཀྱང་། ཟླ་༦ པའི་ཚེས་༢༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྲུ་གུ་དེའི་ཨ་མས་རང་སྲོག་གཅོད་ཆེད་དུ། ཁང་པ་མེར་སྤར་རྗེས་རང་ཉིད་སྐེ་བཏགས་བརྒྱབ་ནས་ཤི་ཐབས་བྱས་རྐྱེན་མེ་ཤོར་བ་ཡིན་སྐོར་བཀོད་འདུག ད་ལྟའི་ཆར་དྷ་ཤོད་དུ་ཡོད་པའི་ཛུ་ནལ་སྨན་ཁང་དུ་ཨ་མ་དེར་སྨན་བཅོས་བྱེད་བཞིན་ཡོད་འདུག
ཨ་མ་དེས་ཉེན་རྟོག་པར་ཁང་པ་དེའི་ནང་མི་དང་མཉམ་དུ་སྡོད་ཀྱི་ཡོད་པ་དང་། ནང་མི་ཕན་ཚུན་བར་རྩོད་རྙོག་སོགས་ཀྱི་རྐྱེན་པས་གསོན་པར་སྡོད་འདོད་མ་བྱུང་བས། ཉིན་དེར་ཁོ་ཚོ་ཚང་མ་ལས་ཀ་ལ་ཕྱིན་པ་དང་བསྟུན་ནས། རང་ཤི་རྒྱག་རྩིས་བྱས་པ་ཡིན་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
http://www.uniindia.com/14-month-old-girl-burnt-alive-in-dharamshala-fire/states/news/912122.html