ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་བཀའ་མོལ་ལ་སེམས་ཚོར།

སྐལ་བཟང་དོན་གྲུབ།
ང་ཆུང་ཆུང་ལོ་བརྒྱད་སྐབས་ནས་བོད་ཁྱིམ་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་རྒྱ་གར་དུ་ལྟ་སྐྱོང་བྱེད་མཁན་སུ་ཡང་མེད་པས། བོད་ཁྱིམ་ནི་ངས་ཡོད་ཚད་ཡིན་ལ། ཨ་མ་རྗེ་བཙུན་པདྨ་ལགས་ལ་ང་མ་ཟད། ང་དང་འདྲ་བའི་བོད་ཕྲུག་མང་པོ་ཞིག་གིས་ཨ་མའི་འདུ་ཤེས་འཛིན་པ་དང། མཚམས་རེ་ཨ་མ་ལགས་སློབ་གྲྭར་ལྟ་སྐོར་དུ་ཡོང་སྐབས་སུ། ཁོང་གི་དྲུང་དུ་བརྒྱུགས་ནས་བྱི་རིལ་སློང་མཁན་གྲས་ཤིག་ཀྱང་ཡིན། ང་རང་སློབ་གྲྭ་ཡོད་པའི་སྐབས་སུ་ཨ་མ་ལགས་ནི་རང་ཉིད་ཀྱི་ཨ་མ་དང་སེམས་ཤུགས་ཀྱི་མཚོན་རྟགས་ཀྱང་ཡིན། ཁོང་གི་བཀའ་དྲིན་ནི་ངས་དུས་རྟག་ཏུ་བརྗེད་མི་སྲིད་ལ། དུས་རྟག་ཏུ་ཁོང་གི་སྐུ་ངལ་ལས་ང་ལ་ཐོབ་པའི་ཤེས་ཡོན་དེ་རྣམ་དཔྱོད་ཕྱོགས་ལྷུང་མེད་པར་བེད་སྤྱད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

ང་རང་སློབ་གྲྭ་མཐར་ཕྱིན་ནས་སྦེང་ལོར་མཐོ་སློབ་ལ་འགྲོ་བཞིན་པའི་སྐབས་སུ། ཐེངས་ཤིག་འཇམ་དབྱངས་ནོར་བུ་བོད་ཁྱིམ་སྡོད་ཁང་དུ་བོད་རང་བཙན་གཙང་མའི་ཁུངས་སྐྱེལ་དཔང་རྟགས་སྐོར་གྱི་གཏམ་བཤད་བྱེད་པར་སླེབས་སོང། ཉིན་ཤས་རྗེས་ཨ་མ་ལགས་སྡོད་ཁང་དུ་ལྟ་སྐོར་ལ་ཕེབས་སོང། སྐབས་དེར་སློབ་ཕྲུག་དང་ལས་བྱེད་ཚང་མ་འདུ་འཛོམས་ཐོག འཇམ་དབྱངས་ནོར་བུ་སྐད་གཏོང་མཁན་སུ་ཡིན་ནམ། ༧སྐྱབས་མགོན་རིན་པོ་ཆེ་ལ་ཁ་གཏོང་མཁན་ཞིག་དེ་གར་སྐད་གཏོང་མཁན་སུ་ཡིན་ནམ་ཞེས་བཀའ་ཀྱོན་གནང་སོང་བས་། སྡོད་ཁང་གི་འགན་འཛིན་དང་གཞོན་ནུ་རུ་ཁག་གཉིས་ཕན་ཚུན་གཅིག་གིས་གཅིག་ལ། ཕར་ཕྱོགས་ཀྱི་བྱེད་ལས་ཡིན་པ་འདྲ་བོ་བྱས་ནས་བསྡད་པ་ལས། ཡ་ལན་གསལ་པོ་ཞིག་སྤྲད་མཁན་མི་འདུག དེ་དུས་ང་རང་གི་སེམས་ལ་ཨ་མ་ལགས་ནི་འགྲོ་བ་མི་རིགས་གཅིག་མཚུགས་ལྟར། དགའ་གཉེན་ཆགས་སྡང་གི་སྐྱེ་བོ་ཞིག་ཡིན་པ་ངེས་ཤེས་རྙེད་བྱུང། འོན་ཀྱང་གནད་དོན་དེ་ལས་ཁོང་ང་ལ་བཀའ་དྲིན་ཆེན་པོ་ཡིན་པ་ནི་དོར་མི་རུང་བའི་གནད་ཅིག་རེད་ལ། དེ་ནི་ནམ་ཡང་འགྱུར་བ་མེད་པའི་གནད་དོན་ཞིག་རེད།

༢༠༡༥ ལོའི་ཕྱི་ཟླ་༡༠ ཚེས་༡༧ ཉིན་ཨ་མ་ལགས་སུ་ཡུ་རོབ་སུད་སིར་གཟེངས་བསྟོད་ཀྱི་བྱ་དགའ་ཞིག་ལ་ཕུལ་འདུག་པར། ང་རང་ཤིན་ཏུ་དགའ་པོ་བྱུང། ཨ་མ་ལགས་ཀྱིས་བོད་ཕྲུག་རྣམས་ཀྱི་ཆེད་དུ་སྐུ་ངལ་འཛེམས་མེད་བསྐྱོན་པ་དེར་ངོས་འཛིན་བྱེད་དགོས་པ་ཞིག་རེད་ལ། ངོས་འཛིན་གྱི་གཟེངས་བསྟོད་ཙམ་མ་ཡིན་པར་བོད་ཕྲུག་རྣམས་ཀྱིས་ཨ་མ་ལགས་ལ་བཅང་བའི་བརྩེ་སེམས་ནི་ལྷད་མེད་ཡིན་པ་ཐེ་ཚོམ་མེད། འོན་ཀྱང་གཟེངས་བསྟོད་མཛད་སྒོར་ཨ་མ་ལགས་ཀྱིས་གཏམ་བཤད་གནང་ཡོད་པ་དང། གཏམ་བཤད་དེར་ཉན་སྐབས་སྔར་ཨ་མ་ལགས་ནི་འགྲོ་བོ་མི་གཞན་དང་གཅིག་མཚུངས་ཀྱི་ཡག་ཕྱོགས་དང་གཞན་ཕྱོགས་ཡོད་པ་གསལ་དུ་ཕྱིན་སོང། གཏམ་བཤད་དེའི་ནང་དུ་ཁོང་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་འོས་བླུགས་མི་རུང་བ་ནན་གྱིས་བཤད་འདུག སྐབས་འདིར་སྲིད་སྐྱོང་འོས་བསྡུའི་ནང་ལངས་མཁན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་མཚན་སྨད་ཞུས་སོང་སྤྱི་ཚོགས་ནང་གླེང་ཕྱོགས་ཤིག་ཡོད་པས། དེ་ན་ཁོང་ལ་གོ་དགོས་པ་ལྟ་བུ་རེད། དེ་བཞིན་ཁོང་གིས་དེང་སང་གཞོན་སྐྱེས་མང་པོ་ཞིག་གིས་མགོ་མ་ཚོད་པར། ༧སྐྱབས་མགོན་རིན་པོ་ཆེར་ཁ་གཏོང་མཁན་གྱིས་ཁ་བདེ་པོ་བཤད་པའི་སྐད་ཆར་མགོ་འཁོར་གྱི་ཡོད་ལུགས་སོགས་གསུངས་འདུག དེ་བཞིན་འོས་བླུགས་གྲབས་ཡོད་པས་བསམ་བློ་ཡག་པོ་གཏོང་དགོས་སྐོར་ཡང་གསུངས་འདུག སྤྱིར་ན་ཨ་མ་ལགས་ཀྱི་སྐད་ཆ་དེ་ཚོ་ཨ་མ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུ་ཚོ་ལམ་ནོར་ལ་མ་འགྲོ་བའི་ཁ་ཏ་བསླབ་བྱ་ཞིག་ཡིན་པ་འདྲ་ནའང། འོས་བླུགས་མཁན་གྱི་བོད་ཕྲུག་གཞོན་སྐྱེས་ཕལ་མོ་ཆེ་ནི་ཆབ་སྲིད་ཀྱི་གོ་རྟོགས་ལྡན་ལ། རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་བརྟན་པོ་ཡོད་མཁན་ཡང་མང་པོ་ཡོད་པས། ཨ་མ་ལགས་ཀྱི་བཀའ་མོལ་དེ་འོས་བསྡུ་སླེབས་ལ་ཉེ་བའི་དུས་ཚོད་དེ་འདྲ་ཞིག་ལ་གསུངས་བར། ཆབ་སྲིད་མངོན་གསལ་དོད་པོ་རྩེ་པ་ཡིན་ནའང་འདྲ། ཡང་ན་རང་ཉིད་ཀྱི་ལྷག་བསམ་རྣམ་དག་ངང་གསུངས་པ་གང་ཡིན་ལ་མ་ལྟོས་པར། བཀའ་མོལ་དེས་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཞིག་བཟོས་སོང། གང་ལྟར་ཨ་མ་ལགས་རང་ཉིད་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་ལ་ཁ་གཏད་དུ་འགྲོ་མཁན་དག་ལ་མི་དགའ་བ་ཡོད་པ་ཡང་བསམ་ཤེས་ཐུབ་པ་ཞིག་རེད་དེ། དུས་ཚོད་གནད་འགག་དེ་འདྲ་ཞིག་ལ་འོས་བསྡུ་ལ་ཤུགས་རྐྱེན་འགྲོ་སྲིད་པའི་བཀའ་མོལ་གནང་བ་དེ་ནི་མི་མཚམས་པ་ཞིག་རེད། ཨ་མ་ལགས་ཀྱི་བཀའ་མོལ་དེ་སྤྱི་ཚོགས་དྲ་རྒྱ་ལ་ཁྱབ་ཆེན་པོ་འགྲོ་བཞིན་འདུག་པ་དེ་ཡང། ཨ་མ་ལགས་རང་ཉིད་ཀྱི་དགོངས་དོན་ཡིན་མིན་ནི་ཐེ་ཚོམ་ཡིན་ཏེ།གང་ལྟར་བཀའ་མོལ་དེ་འདྲ་གསུངས་པར་གུས་པ་ལ་མཚོན་ན། བོད་པའི་སྤྱི་ཚོགས་ནང་གུས་བཀུར་ཡོད་པའི་སྐྱེ་བོ་ཞིག་གི་གནང་སྟངས་ཤིག་མིན་པར་སེམས།

མདོར་བསྡུས་ན་ཨ་མ་ལགས་ཀྱི་བཀའ་མོལ་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཆགས་ཡོད་པ་དང། དེ་འདྲ་ཆགས་པ་ཡང་ཁོང་གི་དགོངས་གཞི་ཡིན་མིན་ནི་ངས་མི་ཤེས། ཨ་མ་ལགས་ལ་ཡོན་ཏན་དང་སྐྱོན་གཉིས་ཀ་ཡོད་པ་རེད་ལ། ཁོང་ནི་ང་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད་དེ། ཁོང་གི་སྤྱི་པའི་སྡིངས་ཆ་ལ་མི་མཚམས་པའི་གནང་ཕྱོགས་དེར་མི་འགྲིག་པའི་བསམ་ཚུལ་སྤེལ་ཐུབ་པའི་སྤོབས་པ་ཡོད་པ་ནི། གཅིག་བྱས་ན་ཁོང་གི་བོད་ཕྲུག་ཚོར་ཤེས་ཡོན་ཐོབ་ཆེད་སྐུ་ངལ་བསྐྱོན་པའི་དགོངས་གཞི་དང་མཐུན་སྲིད་ལ་མི་མཐུན་པ་ཡང་ཡིན་སྲིད། །