ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་གསང་བའི་ཡིག་ཆ་ཕྱིར་འདོན་མཁན་ཞིག་གློད་བཀྲོལ་བཏང་འདུག

ཨོ་སི་ཁྲུ་ལི་ཡའི་མི་སེར་ཡིན་པའི་(Julian Assange)་ཁོང་ནི་གློག་ཀླད་ལ་ཧ་ཅང་མཁས་པ་ཞིག་ཡིན་འདུག་པར་བརྟེན། དེ་སྔོན་ཁོང་གིས་ཨ་རི་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གསང་བའི་ཡིག་ཆ་དུ་མ་ཕྱིར་བཏོན་པའི་རྐྱེན་ཀྱིས་ཁོང་ལ་ནག་ཉེས་དུ་མ་ཕོག་ཡོད་འདུག འདས་པའི་ལོ་ལྔའི་རིང་དབྱིན་ཇིའི་བཙོན་ནང་བསྡད་རྗེས། ཟླ་འདིའི་ཚེས་༢༦ ཉིན་གློད་བཀྲོལ་བཏང་སྟེ་ཨོ་སི་ཁྲུ་ལི་ཡར་ཁྱིམ་མི་དང་ལྷན་འཛོམས་བྱུང་ཐུབ་ཡོད་འདུག་

ཕྱི་ཚེས་༢༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཨོ་སི་ཁྲུ་ལི་ཡའི་མི་སེར་ཡིན་པའི་(Julian Assange)ཟེར་བའི་མི་དེ་དབྱིན་ཡུལ་གྱི་བཙོན་ཁང་ནང་ལོ་ལྔར་བསྡད་རྗེས་གློད་བཀྲོལ་བཏང་ཡོད་འདུག་པ་དང་། ཁོང་ནི་གློག་ཀླད་ལ་ཧ་ཅང་མཁས་ཤིང་ཨ་རི་དང་རྒྱ་ནག དེ་བཞིན་གཞུང་དང་ཚོགས་པ་མང་པོའི་དྲྭ་རྒྱའི་ནང་ལྐོག་འཛུལ་བྱས་ནས་དེ་དག་གི་གསང་བ་མང་པོ་ཕྱིར་འདོན་མྱོང་ཡོད་འདུག དོན་རྐྱེན་དེ་དག་ལ་བརྟེན་ནས་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོས་ཁོང་ལ་ནག་ཉེས་བཙུགས་ཡོད་འདུག ཐོག་མར་ཕྱི་ལོ་༢༠༠༦ ཁོང་གིས་(Wikileaks)ཟེར་བའི་དྲྭ་ཚིགས་ཤིག་བཟོས་ཡོད་འདུག་པ་དང་། དྲྭ་ཚིགས་དེའི་ཐོག་ཁོང་གིས་གཞུང་དང་རྒྱལ་ཁབ་སོགས་ཀྱི་དམག་དོན་གྱི་གསང་བའི་ཡིག་ཆ་དང་། སོ་མྱུལ་གྱི་ཡིག་ཆ། ལྐོག་ས་རུལ་སུངས་སྐོར་གྱི་ཡིག་ཆ་སོགས་ཀྱི་གསང་བའི་ཡིག་ཆ་དུ་མ་ཕྱིར་བཏོན་བྱེད་མྱོང་ཡོད་འདུག ཕྱི་ལོ་༢༠༡༠ ལོར་ཁོང་གིས་དྲྭ་ཚིགས་དེའི་ཐོག་ཨ་རིའི་དམག་གི་ཐད་འཕུར་གནམ་གྲུ་ཞིག་གིས་ཨི་རག་གི་རྒྱལ་སར་མི་སེར་མང་པོ་བསད་པའི་བརྙན་ཐུང་ཞིག་ཁྱབ་སྤེལ་བཏང་ཡོད་འདུག་པ་དང་། དེ་བཞིན་ཨ་རིའི་དམག་གི་གསང་བའི་ཡིག་ཆ་མང་པོ་ཞིག་ཕྱིར་བཏོན་ནས་ཡིག་ཆ་དེ་དག་ནི་ཨབ་གྷ་ནི་སི་ཐན་ནང་ཨ་རིའི་དམག་མི་ཡིས་མི་སེར་མང་པོ་དམག་འཁྲུག་སྐབས་སུ་བསད་པའི་སྐོར་གྱི་ཡིག་ཆ་ཡིན་འདུག དོན་རྐྱེན་དེ་ལ་བརྟེན་ནས་འཛམ་གླིང་གང་ས་ནས་ཨ་རི་ཡིས་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་པོ་སླེབས་ཡོད་འདུག གོང་གསལ་ཡིག་ཆ་ཁག་ཕྱིར་བཀྲམས་རྗེས་འཛམ་གླིང་གང་ས་ནས་ཁོང་གི་དྲྭ་ཚིགས་དེ་ལ་དོ་སྣང་ཆེན་པོ་བསླེབས་ཡོད་འདུག གནད་དོན་དེ་དག་གིས་རྐྱེན་པས་ཁོང་ཨ་རིའི་ཁྲིམས་ཁང་ནང་འཁྲིད་ཐབས་ཆེད་དུ་འདས་པའི་ལོ་༡༤ རིང་ཁོང་ལ་དཀའ་ངལ་དུ་མ་སྤྲད་ཡོད་འདུག ཁོང་གིས་ཡིག་ཆ་དེ་དག་ཕྱིར་འདོན་དགོས་དོན་ནི་ཨ་རིའི་གཞུང་གིས་གཞན་གྱི་ས་ཐོག་ཏུ་ཁྲིམས་འགལ་ཐོག་ནས་བྱ་སྤྱོད་སྤེལ་གྱི་ཡོད་པ་དང་། གཞན་ཚོགས་སྡེ་ཁག་གིས་དྲང་བདེན་མིན་པའི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པས་དེ་དག་ཕྱི་གསལ་ནང་གསལ་འདོན་ཐབས་ཆེད་དུ་ཡིན་པར་རྗོད་ཀྱི་ཡོད་འདུག མི་དེས་ཁོ་རང་འཛིན་བཟུང་བྱེད་ཐབས་བྱས་པ་ནི་སྲིད་དོན་གྱི་ཁེ་ཕན་ཆེད་དུ་ཡིན་པ་ལས་ཁྲིམས་འགལ་གང་ཡང་བྱས་མེད་ཅེས་བརྗོད་ཡོད་འདུག (Julian Assange)ཟེར་བའི་མི་དེ་ཨོ་སི་ཁྲུ་ལི་ཡའི་མི་སེར་ཡིན་འདུག་པ་དང་། ཁོང་ཆུང་དུས་ནས་གློག་ཀླད་ཐོག་སློབ་སྦྱོང་བྱས་མྱོང་ཞིང་། དེ་བཞིན་དངོས་ཁམས་ཚན་རིག་དང་ཨང་རྩིས་ཀྱང་སློབ་སྦྱོང་བྱེད་མྱོང་ཡོད་འདུག ཁོང་ཆུང་དུས་ནས་གློག་ཀླད་བརྒྱུད་ནས་གཞན་གྱི་གློག་ཀླད་ནང་ལྐོག་འཛུལ་བྱེད་རྒྱུའི་ཐད་ཧ་ཅང་མཁས་པ་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ཁོས་ཕྱི་ལོ་༢༠༡༠ ནང་ཨ་རིའི་དམག་མི་ཡིས་ཨི་རག་ནང་གི་མི་སེར་ཐོག་མེ་མདའ་བརྒྱབས་ནས་མི་མང་པོ་གསོད་བཞིན་པའི་བརྙན་ཐུང་ཁྱབ་སྤེལ་བྱས་ཡོད་འདུག་པ་དང་། བརྙན་ཐུང་དེ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་དྲྭ་རྒྱ་ནས་བརྐུས་ཡོད་འདུག ཕྱིས་སུ་ཁོང་ལ་སི་ཝེ་ཌན་ནས་བུད་མེད་གཉིས་ལ་བཙན་གཡེམ་བྱས་པའི་ནག་ཉེས་བཙུགས་ནས་ལོ་༡༤ རིང་ཁྲིམས་ལུགས་ཐོག་ནས་རྩོད་ལེན་ཤུགས་ཆེན་བྱེད་དགོས་བྱུང་ཡོད་འདུག དེ་རྗེས་ཁོང་དབྱིན་ཡུལ་ནང་བཀག་ཉར་བྱས་ཡོད་ཀྱང་། ཁོང་གིས་དྲྭ་ཚིགས་(Wikileaks)ཟེར་བ་དེ་བཟོས་པའི་རྐྱེན་གྱིས་ཁོ་རང་ཨ་རི་ལ་སྤྲོད་ཐབས་ཆེད་དུ་ཉེས་འཛུགས་བྱས་པ་ལས་ཁོ་ལ་ནག་ཉེས་གང་ཡང་མེད་ཅེས་བརྗོད་ཡོད་འདུག ཕྱི་ལོ་༢༠༡༢ ལོར་ཁོ་དབྱིན་ཡུལ་ནང་ཡོད་པའི་ཨེ་ཁོ་ཌོར་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ནང་དུ་འཛུལ་ནས་ལོ་བདུན་རིང་དེར་བསྡད་ཡོད་འདུག ཁོ་རང་གཞུང་ཚབ་ནང་སྡོད་སྐབས་སུ་ཕྱི་ཕྱོགས་ནས་གཞས་པ་དང་། གློག་བརྙན་འཁྲབ་སྟོན་པ་སོགས་ཀྱི་མི་གྲགས་ཅན་མང་པོ་ཐུག་འཕྲད་ཆེད་དུ་ཡོང་མཁན་མང་པོ་ཡོད་འདུག རྗེས་སུ་རྒྱལ་ཁབ་དེའི་སྲིད་འཛིན་གྱིས་གཞུང་ཚབ་དང་ཁ་བྲལ་ནས་འགྲོ་དགོས་པའི་བཀའ་བཏང་བའི་རྐྱེན་གྱིས་ཁོ་ཕྱིར་ཐོན་དུས་དབྱིན་ཡུལ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ལོ་ལྔའི་རིང་དབྱིན་ཡུལ་གྱི་བཙོན་ཁང་དུ་སྡོད་དགོས་བྱུང་ཡོད་འདུག མཐར་སི་ཝེ་ཌན་གཞུང་གིས་བུད་མེད་གཉིས་ལ་བཙན་གཡེམ་བྱས་པའི་ནག་ཉེས་དེ་རྩིས་མེད་བཏང་ཡོད་འདུག 

(Wikileaks)ཟེར་བའི་དྲྭ་ཚིགས་དེ་ཕྱི་ལོ་༢༠༠༦ ལོར་བཟོས་ཡོད་འདུག་པ་དང་། དྲྭ་ཚིགས་དེའི་ཐོག་ཁྱོན་ཡིག་ཆ་ས་ཡ་༡༠ ཕྱིར་བཏོན་བྱས་ཡོད་འདུག ཡིག་ཆ་དེ་དག་ནི་བརྗོད་གཞི་འདྲ་མིན་གྱི་སྐོར་ཡོད་འདུག་ལ། ཨི་རག་དང་ཨབ་གྷ་ནི་སི་ཐན་ནང་གི་ཨ་རིའི་དམག་མིའི་གསང་བའི་ཡིག་ཆ་མང་པོ་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༦ ལོར་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་(Hillary Clinton)ཡིས་འོས་བསྡུ་དྲིལ་བསྒྲགས་ཀྱི་འགན་འཁུར་བ་(John Podesta)ཟེར་བ་དེ་ཡི་ཡིག་འཕྲིན་མང་པོ་ཡོད་འདུག ད་དུང་རྒྱལ྄་ཁབ་འདྲ་མིན་ནང་ཡོད་པའི་གཞུང་ཚབ་ཁང་མང་པོའི་གསང་བའི་ཡིག་ཆ་ཡང་ཡོད་འདུག སྤྱིར་བཏང་ཨ་རིའི་གཞུང་གིས་ཁོང་ཟླ་བ་༦༧ རིང་བཙོན་འཇུག་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག་ཀྱང་། ཨོ་སི་ཁྲུ་ལི་ཡའི་གཞུང་གིས་ཨ་རིའི་གཞུང་ལ་ཡང་ཡང་ཞུ་གཏུག་བྱས་ཡོད་འདུག་པ་དང་། ཁོང་གློད་བཀྲོལ་ཡོང་ཐབས་བྱས་པའི་རྐྱེན་གྱིས་ད་ཆར་ཁོང་དབྱིན་ཡུལ་གཞུང་གིས་གློད་བཀྲོལ་བཏང་ཡོད་པ་དང་། ཨ་རིའི་གཞུང་གིས་ཀྱང་ཁོང་དེ་སྔོན་དབྱིན་ཡུལ་བཙོན་ཁང་ནང་ལོ་ལྔར་བསྡད་ཡོད་པས་ནག་ཉེས་ཆག་ཡང་བཏང་ཡོད་འདུག ཁོང་དབྱིན་ཡུལ་ནས་ཐོན་ཏེ་ཐེ་ལན་ཌའི་རྒྱལ་ས་སྦན་ཀོག་ནང་བསླེབས་རྗེས། གཟའ་ལྷག་པའི་ཉིན་ཞི་བདེ་རྒྱ་མཚོར་ཡོད་པའི་ཨ་རིའི་མངའ་ཁུལ་གྱི་(Mariana)་གླིང་ཕྲན་ཐོག་འགྲོ་ཙམ་བྱས་འདུག གླིང་ཕྲན་དེར་འགྲོ་དགོས་དོན་ནི་ཁོང་གིས་ནག་ཉེས་ཤིག་ཁས་ལེན་བྱེད་དགོས་ཀྱི་ཡོད་འདུག འོན་ཀྱང་། ཉེས་ཆད་མི་གཅོད་རྒྱུ་ཐག་བཅད་ཡོད་འདུག དེ་རྗེས་ཁ་སང་ཁོ་རང་གི་ཕ་ཡུལ་ཨོ་སི་ཁྲུ་ལི་ཡའི་ནང་དུ་འབྱོར་ནས་རང་གི་བཟའ་ཟླ་དང་། སྤུན་མཆེད་རྣམས་ལྷན་དུ་མཉམ་འཛོམས་བྱུང་ཡོད་འདུག གནམ་ཐང་ནས་རྒྱབ་སྐྱོར་བ་ཁག་ཅིག་གིས་ནང་མི་ལྷན་དུ་བསུ་བ་བྱས་ཡོད་འདུག སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་(Julian Assange)ཁོང་གི་བཟའ་ཟླ་(Stella Assange)་དང་ལྷན་འཛོམས་བྱུང་རྗེས། ཁོང་གི་བཟའ་ཟླ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་ལ། སྐབས་དེར་ཁོང་མོས་ཁོང་གི་བཟའ་ཟླ་ད་ལྟ་བདེ་ཐང་ངང་རང་ཁྱིམ་ལ་འབྱོར་ཡོད་ཀྱང་། ཁྱེད་རྣམ་པས་ཤེས་གསལ་བཞིན་དུས་ཡུན་དེ་དག་གི་རིང་ཁོང་དཀའ་སྡུག་གང་འདྲ་ཞིག་གི་འོག་ཏུ་ཕྱིན་ཡོད་མེད་དང་། དཀའ་ངལ་གང་འདྲ་འཕྲད་ཡོད་མེད་དེ་རེད། ཁོང་ལ་དམ་དྲག་བྱས་པ་ནི་གསར་འགོད་རང་དབང་ལ་དམ་དྲག་བྱས་པ་ཡིན་པས་ངེས་པར་དུ་ཤེས་པར་བྱེད་རོགས་ཞེས་དང་། ཁོང་དཀའ་སྡུག་དུ་མ་ཞིག་གི་འོག་ནས་ཡོང་ཡོད་དུས་ད་ཆར་ལུས་སེམས་གཉིས་ཀ་ངལ་གསོ་དགོས་པས་ཁྱེད་རྣམས་ཀྱིས་བསམ་ཤེས་བྱས་ཏེ། ཁོང་སྒེར་ལ་ངལ་གསོ་རྒྱག་རྒྱུའི་དུས་ཚོད་གཅིག་སྤྲད་ནས་བཅར་འདྲི་དེ་འདྲ་མ་བྱེད་རོགས་ཞེས་བརྗོད་ཡོད་འདུག (Julian Assange)ཁོང་ཁ་སང་ཨོ་སི་ཁྲུ་ལི་ཡར་འབྱོར་དུས་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་(Anthony Albanese)ཡིས་ཨོ་སི་ཁྲུ་ལི་ཡས་ཞུ་གཏུག་བྱས་པ་བཞིན་ཁོང་གློད་བཀྲོལ་བཏང་བ་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།