ཨ་རི་གཞུང་གིས་རྒྱ་ནག་དང་ཨི་རན་ནང་གི་ངོ་རྒོལ་བ་ཚོར་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག 

ཟླ་༡༢ པའི་ཚེས་༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནཱི་བྷེ་ལི་ཀན་ལ་གསར་ཁང་ཞིག་གིས་བཅར་འདྲི་བྱས་པའི་སྐབས་སུ། གསར་འགོད་པ་དེས་ཁོང་ལ་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་ནང་གི་ངོ་རྒོལ་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་དྲི་བ་དྲིས་འདུག་པ་དང་། ཁོང་གིས་ཨ་རིའི་སྲིད་གཞུང་གིས་འཛམ་གླིང་གང་སར་ཡོད་པའི་མི་ཚོའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་དང་ཨི་རན། དེ་བཞིན་ས་གནས་གང་དུ་ཡིན་ནའང་། མི་མང་ཚོས་ཞི་བའི་ཐོག་ནས་སོ་སོའི་བསམ་ཚུལ་འདོན་ཆེད་ཀྱི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཟླ་བ་རྗེས་མར་ཁོང་རྒྱ་ནག་ཏུ་སྐོར་སྐྱོད་དུ་འགྲོ་འཆར་ཡོད་པས། སྐབས་དེར་རྒྱ་ནག་གི་དཔོན་རིགས་ཚོར་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་ཐོག་གླེང་སློང་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

དྲུང་ཆེ་ཁོང་གིས་མུ་མཐུད་ནས་བརྗོད་དོན་ལ། དེ་སྔོན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་སྐད་ཆ་འདི་བཤད་ཡོད་པ་དང་། ཨ་རིའི་གཞུང་གིས་ཀྱང་རྒྱུན་དུ་ནས་སྐད་ཆ་འདི་བཤད་ཀྱི་ཡོད་པ་ལྟར། ཐེངས་འདིར་ཡང་སྐད་ཆ་དེ་དག་མུ་མཐུད་བཤད་རྒྱུ་ཡིན་པ། སྐད་ཆ་དེ་དག་ནི་ཨ་རིའི་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་སྤྱི་དམངས་རང་དབང་གཉིས་ཤིན་ཏུ་རིན་ཐང་ཆེན་པོ་བརྩི་ཡི་ཡོད་པས། ཨ་རིའི་གཞུང་དང་སྲིད་འཛིན་སུ་ཡིན་ནའང་གནད་དོན་དེ་དག་ཐོག་ཏུ་ཁུ་སིམ་མི་བསྡད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད་ཅེས་པ་དེ་ཡིན་སྐོར་བརྗོད་འདུག 

དེ་བཞིན་ཁོང་གིས་ཨི་རན་ནང་གི་ངོ་རྒོལ་ལས་འགུལ་དང་འབྲེལ་ནས། ཨི་རན་ནང་བཟང་སྤྱོད་ཀྱི་ཉེན་རྟོག་རུ་ཁག་རྩ་མེད་བཏང་ཚེ། ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་ཐུབ་དང་མི་ཐུབ་ནི་ཨི་རན་མི་མང་ལ་རག་ལས་ཡོད་པ། ཨི་རན་གྱི་བཟང་སྤྱོད་ཉེན་རྟོག་པས་བུད་མེད་ལོ་ཆུང་ཞིག་བསད་པར་བརྟེན། རྒྱལ་ཁབ་དེའི་ནང་གི་མི་མང་དང་ལྷག་པར་དུ་བུད་མེད་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་སྐོར་བརྗོད་འདུག 

དེ་སྔོན་ཟླ་༩ པའི་ཚེས་༡༣ ཉིན་ཨི་རན་གྱི་རྒྱལ་ས་ཊེ་རན་ནང་དུ། རང་ལོ་༢༢ ཡིན་པའི་བུད་མེད་གཅིག་གིས་མགོ་རས་གྱོན་མེད་པས། བཟང་སྤྱོད་ཀྱི་ཉེན་རྟོག་རུ་ཁག་ཅེས་པའི་ཉེན་རྟོག་པས་མོ་འཛིན་བཟུང་བྱས་འདུག་པ་དང་། རྗེས་སུ་ཉིན་གསུམ་རྗེས་སྨན་ཁང་ནང་དུ་གྲོངས་ཡོད་འདུག དེ་ཡང་བུད་མེད་དེའི་ནང་མིས་བརྗོད་དོན་ལྟར་ན། ཉེན་རྟོག་པ་ཚོས་བུད་མེད་དེ་འཛིན་བཟུང་བྱས་སྐབས། མོའི་མགོ་རླངས་འཁོར་ལ་བརྡབ་པ་དང་། མོའི་མགོ་ལ་ལྕགས་རྒྱུག་གིས་བརྡུངས་བ་སོགས་རྡུང་རྡེག་བཏང་རྐྱེན་གྲོངས་བ་ཡིན་སྐོར་བརྗོད་འདུག འོན་ཀྱང་ཉེན་རྟོག་པས་བུད་མེད་དེར་ཉེས་རྡུང་བཏང་མེད་པ་དང་མོའི་སྙིང་རྩ་གློ་བུར་དུ་འགག་ནས་གྲོངས་བ་ཡིན་སྐོར་བརྗོད་བཞིན་འདུག གནད་དོན་དེ་ལ་བརྟེན་ནས་ཨི་རན་ནང་དུ་བུད་མེད་ཀྱིས་སྣེ་ཁྲིད་པའི་མི་མང་ལས་འགུལ་བ་སྟོང་ཕྲག་མང་པོས། ཆོས་ལུགས་མི་སྣས་སྣེ་ཁྲིད་པའི་ཨི་རན་གྱི་གཞུང་དེར་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། ལས་འགུལ་དེ་ནི་ཕྱི་ལོ་༡༩༧༩ ཡི་གསར་བརྗེ་ཆེན་མོའི་རྗེས་སུ་ཆོས་ལུགས་མི་སྣའི་དབང་ཆ་གཅིག་སྡུད་ཀྱི་གཞུང་འཛིན་ལམ་ལུགས་ལ་ངོ་རྒོལ་ལས་འགུལ་ཆེ་ཤོས་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply