ཨ་རི་གཞུང་གིས་རྒྱ་མིའི་ཚོང་པ་ཞིག་འཛིན་བཟུང་བྱས་འདུག
ཟླ་འདིའི་ཚེས་༡༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་ལ་གནས་སྡོད་བྱེད་བཞིན་པའི་རྒྱ་མི་ཚོང་པ་ཀོ་ཝན་ཀོས་(Guo Wengui) ཀྱིས་ཨ་སྒོར་ཐེར་འབུམ་གཅིག་ལྷག་གིས་མི་མང་མགོ་སྐོར་སླུ་བྲིད་བྱས་པ་དང་། དངུལ་ཁང་དང་དྲྭ་རྒྱ་ལོག་སྤྱོད་བྱས་པ་སོགས་ཀྱི་ཉེས་འཛུགས་དུ་མའི་འོག ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་དབུས་གསང་བའི་མི་སྣས་ཁོང་ཉིད་འཛིན་བཟུང་བྱས་ཡོད་འདུག
ཁོང་གིས་རང་ཉིད་ཀྱི་དཔལ་འབྱོར་སློབ་སྟོན་པ་ཀེམ་མིན་ཇེ་(Kin Ming Je) ཡིས་རོགས་རམ་འོག ཕྱི་ལོ་༢༠༡༨ ནས་བཟུང་གཞན་གྱིས་མ་འཛུགས་བྱས་པའི་དངུལ་འབོར་ཕོན་ཆེན་ཞིག་སོ་སོ་དང་རང་ཉིད་ཀྱི་གཉེན་ཉེ་ཚོའི་ཆེད་དུ་བཏང་ཡོད་འདུག
འདས་པའི་ལོ་ཤས་ནང་ཁོང་གིས་ཨ་སྒོར་ས་ཡ་$༣༧ གྱི་འགྲོསོང་བཏང་ནས་མགྱོགས་འགྲན་དང་སྐྱིད་སྐྱིད་ཆེད་བཀོལ་བའི་རླུང་གཡོར་ཅན་གྱི་གྲུ་ཆུང་ཞིག་ཉོས་ཡོད་པ་དང་། ནང་མི་ལ་ཕུ་ཊུ་གྲུ་བཞི་མ་(Square foot) ཁྲི་ལྔ་ཅན་གྱི་ཁང་པ་ཉོས་ཡོད་པ་མ་ཟད། ཁོང་གིས་སོ་སོའི་བུ་ལ་འཛམ་གླིང་ནང་རིན་གོང་ཆེ་ཤོས་གྲས་ཀྱི་(Ferrari)་མོ་ཊ་ཞིག་ལ་ཨ་སྒོར་ས་ཡ་གསུམ་དང་ལྔ་འབུམ་སྤྲད་ནས་ཉོས་ཡོད་ཅིང་། ཨ་སྒོར་ཁྲི་དྲུག་དང་སྟོང་༢ ཅན་གྱི་བརྙན་འཕྲིན་དང་། ཨ་སྒོར་ཁྲི་གསུམ་དང་དྲུག་སྟོང་གྱི་ཉལ་གདན་གཉིས་ཉོས་ཡོད་པའི་གནས་ཚུལ་ཐོན་འདུག
ན་ནིང་ཕྱི་ཟླ་༩ པ་ནས་ལོ་འདིའི་ཕྱི་ཟླ་༣ པའི་བར་ཁོང་གིས་ཨ་རིའི་གཞུང་གིས་དངུལ་བྱང་མི་འདྲ་བ་༢༡ སྟེང་མགོ་སྐོར་བསླུ་བྲིད་འོག་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་གསུམ་ལྷག་བཅུག་ཡོད་པ་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཀོ་ཝན་ཀོས་ཀྱིས་ཁྲིམས་འགལ་གྱི་ཐོག་ནས་བཀར་འཇུག་བྱས་པའི་ཨ་སྒོར་ས་ཡ་$༦༣༤ དང་། དེ་མིན་མཁར་དབང་ཁག་ཅིག་གཞུང་བཞེས་བཏང་འདུག
ཁོང་དང་མཉམ་དུ་ཁོང་གི་དངུལ་རྩིས་སློབ་སྟོན་པ་ཀིམ་མིན་ཇེ་ལ་ཧོང་ཀོང་དང་དབྱིན་ཇིའི་མི་སེར་ལག་འཁྱེར་ཡོད་པ་དང་། ཁོང་ཡང་འཛིན་བཟུང་བྱ་རྒྱུའི་བརྡ་ཐོ་བཏང་རུང་། ད་ལྟའི་ཆར་མི་དེ་རྙེད་སོན་བྱུང་མེད་པ་རེད་འདུག
ཀོ་ཝན་ཀོས་ནི་རྒྱ་ནག་གི་ཕྱུག་བདག་ཆེ་ཤོས་གྲས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༡༤ ལོར་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་ནང་ལྐོག་ཟ་རུལ་ཟུངས་བ་ཚོ་རྡུང་རྡེག་གཏོང་བའི་སྐབས་སུ་ཁོང་དང་བློ་ཐག་ཉེ་བའི་དཔོན་རིགས་འགའ་ཤས་ཀྱང་སྐབས་དེར་འཛིན་བཟུང་བྱས་ཡོད་པར་བརྟེན། ཁོང་ཉིད་ཨ་རི་ལ་བསླེབས་ཞིང་ཕྱི་ལོ་༢༠༡༧ ལོར་ཨ་རི་གཞུང་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་ཡོད་འདུག
ཁོང་ལ་རྒྱ་ནག་གི་དཔོན་རིགས་ངོ་ཤེས་མང་པོ་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཟུང་པ་ཏྲམ་(Trump)་གྱི་སྐབས། སྲིད་འཛིན་གྱི་སློབ་སྟོན་པ་གྲགས་ཤོས་གྲས་(Steve Bannon)་དང་འབྲེལ་བ་ཤུགས་ཆེན་ཡོད་མཁན་ཞིག་ཆགས་ཡོད་འདུག ཕྱི་ལོ་༢༠༢༠ ལོར་ཁོང་གི་ཚོང་རོགས་དང་དཔལ་འབྱོར་སློབ་སྟོན་པ་(Steve Bannon)་ཨ་རི་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག ཨ་རི་གཞུང་གིས་ནག་ཉེས་མ་འདྲ་བ་༡༡ བཙུགས་ནས་འཛིན་བཟུང་བྱས་པའི་ཀོ་ཝན་ཀོས་ནི་ད་ལྟ་ལོ་༥༢ ཡིན་པ་དང་། དེ་སྔ་༧གོང་ས་མཆོག་ཀྱང་མཇལ་མྱོང་མཁན་ཞིག་ཆགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།