ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐེ་ཝན་དུ་ཕེབས་འཆར་འདུག
ཟླ་འདིའི་ཚེས་༡༩ཉིན་དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་རྗེས་མའི་ནང་དུ་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པི་ལོ་སི (Nancy Pelosi) ཐེ་ཝན་ལ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག
རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་ཆེན་མོ་སྤྲོད་བཞིན་ཡོད་པ་དང་། ཨ་རི་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་ཟླ་རྗེས་མའི་ནང་དུ་ཐེ་ཝན་ལ་ཕེབས་འཆར་ཡོད་འདུག ཁོང་དང་སྐུ་ཚབ་ཚོགས་པ་ཞིག་ཉི་ཧོང་དང་སིང་ག་ཕོ། མ་ལེ་ཤི་ཡ་དང་ཧིན་དུ་ནི་ཤི་ཡ་བཅས་སུ་ཡང་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་འདུག
སྤྱི་ལོ་༡༩༩༧ལོ་ཨ་རི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནེའུ་ཊི (Newt Gingrich) ཨ་རི་གཞུང་གི་སྐུ་ཚབ་བྱས་ནས་ཐེ་ཝན་དུ་ཕེབས་ཡོད་པ་དང་། དུས་དེ་ནས་བཟུང་ད་ལྟའི་བར་དུ་མི་ལོ་ཉི་ཤུ་རྩ་ལྔ་ཕྱིན་ཡོད་པ་དང་། ཐེངས་རྗེས་མའི་ཕྱོགས་བསྐྱོད་དེ་ནི་འདས་པའི་མི་ལོ་༢༥ ནང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་ཨ་རིའི་ངོ་ཚབ་བྱས་ནས་ཐེ་ཝན་དུ་ཕེབས་པར་ཐོག་མ་དེ་ཆག་གི་ཡོད་པའི་གནས་ཚུལ་ཐོན་འདུག
ལོ་འདིའི་སྤྱི་ཟླ་བཞི་པའི་ནང་དུ་ཁོ་མོ་ཨེ་ཤི་ཡའི་ནང་དུ་འཚམས་གཟིགས་ལ་ཕེབས་འཆར་ཡོད་མོད་ཀྱང་། ཁོང་ལ་ཏོག་དབྱིབས་གཉན་རིམས་༡༩ ་པའི་ནད་རྟགས་ཐོན་ཡོད་པའི་དབང་གིས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཕྱི་འགྱངས་བྱེད་དགོས་པ་བྱུང་ཡོད་འདུག
ཨ་རི་གྲོས་ཚོགས་འོག་མིའི་ཚོགས་གཙོ་ཟླ་བ་བརྒྱད་པའི་ནང་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་འཆར་ཡོད་པ་དང་། ཟླ་བ་བརྒྱད་པའི་ཚེས་གཅིག་གི་ཉིན་མོ་དེ་ནི་རྒྱ་ནག་མི་མང་བཅིངས་འགྲོལ་དམག་དབུ་རྙེས་ནས་མི་ལོ་ཧྲིལ་པོ་༩༥ འཁོར་བའི་དུས་དྲན་སྲུང་བརྩི་ཡི་ཉིན་མོ་ཁེལ་གྱི་ཡོད་འདུག་པས། ཕྱོགས་ཕེབས་ཀྱི་དུས་ཚོད་ཐོག་ལ་ཨ་རི་ཕོ་བྲང་དཀར་པོས་སེམས་ཁྲལ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ནང་དུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དུ་དྲྭ་བརྙན་ཚོགས་འདུ་ཞིག་ཚོགས་འཆར་ཡོད་འདུག་ལ། ཨ་རྒྱ་གཉིས་ཀྱིས་གནད་དོན་མང་པོའི་ཐོག་ལ་མཁྲེགས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་སྲིད་འཛིན་བྷ་ཌན་གྱི་དུས་འགོ་ནས་བཟུང་ཐེ་ཝན་གྱི་གནད་དོན་དེ་ནི་ཨ་རྒྱ་གཉིས་ཀྱི་བར་དུ་ལྷག་པའི་གནད་དོན་ཛ་དྲག་ཆེ་བ་ཞིག་ཡིན་རབས་བརྗོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།