ཨ་རི་དང་ཌན་མག་གིས་ཡུ་རོབ་ཀྱི་འགོ་ཁྲིད་ཁག་ལ་སོ་ལྟ་བྱས་པའི་གནས་ཚུལ་ཕྱིར་ཐོན་འདུག

ཨ་རིའི་གསང་བའི་ལས་ཁུངས་དང་ཌན་མག་གི་གསང་བའི་ལས་ཁུངས་གཉིས་ཀྱིས། ཡུ་རོབ་ཀྱི་འགོ་ཁྲིད་ཁག་གི་ཁ་པར་སོགས་ལ་འཇབ་རྒོལ་གྱིས་སོ་ལྟ་བྱས་པའི་གནས་ཚུལ་ཕྱིར་ཐོན་ནས། འགོ་ཁྲིད་ཁག་གིས་ཨ་རི་དང་ཌན་མག་གཉིས་ནས་གསལ་བཤད་དགོས་པའི་གནོན་ཤུགས་སྤྲོད་བཞིན་འདུག

ཟླ་༦ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཕྱི་ལོ་༢༠༡༢ ལོ་ནས་༢༠༡༤ བར་དུ་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཌན་མག་གི་རྒྱལ་ཡོངས་གསང་བའི་ལས་ཁུངས་གཉིས་མཉམ་འབྲེལ་ཐོག་ནས། འཇར་མན་དང་ཧྥ་རན་སི། སུ་ཝི་ཌན། ནོར་ཝེ་བཅས་ཀྱི་འགོ་ཁྲིད་ཚོར་སོ་ལྟ་བྱས་ཏེ་གནས་ཚུལ་མཁོ་སྒྲུབ་བྱས་པའི་གནས་ཚུལ་ཕྱིར་ཐོན་ཡོད་འདུག་པ་དང་། དེ་ཡང་འགོ་ཁྲིད་དེ་དག་གིས་ཁ་པར་སོགས་ལ་འཇབ་རྒོལ་བྱས་ཏེ། ཁ་པར་བརྒྱུད་ཀྱི་སྐད་ཆ་དང་འཕྲིན་ཐུང་རྣམས་ལ་སོ་ལྟ་བྱས་ཡོད་འདུག་པས། རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོས། ཨ་རི་དང་ཌན་མག་གཉིས་ཀྱིས་སོ་སོའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་སོ་ལྟ་བྱས་པ་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་ནས། གསལ་བཤད་ངེས་པར་དུ་དགོས་སྐོར་བརྗོད་འདུག

ཐེངས་འདིའི་གནས་ཚུལ་དང་འབྲེལ་ནས། དེ་སྔོན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་དོན་གསང་བ་ཕྱིར་བསྒྲགས་བྱེད་མཁན་སཱི་ནོ་ཌན་གྱིས།

ད་ལྟའི་སྲིད་འཛིན་རྗོ་བྷའེ་ཌན་དེ་སྔོན་སྲིད་འཛིན་གཞོན་པ་ཡིན་སྐབས་སུ། ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་སོ་ལྟ་བྱེད་པའི་ལས་དོན་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ཐེངས་འདིར་གནས་ཚུལ་དེ་དང་འབྲེལ་ནས་ཡོངས་གྲགས་སུ་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།