ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུར་བསྐྱར་དུ་ཉེས་ཆད་བཅད།
ཟླ་འདིའི་ཚེས་༨ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༢ པའི་ནང་དུ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྒྱུ་མཚན་གྱིས་ཨ་རི་གཞུང་གིས་ཨུ་རུ་སུའི་ཚོང་པ་དང་དབུ་ཁྲིད། དབུས་གཞུང་གི་དངུལ་ཁང་དང་ཨུ་རུ་སུའི་སྲིད་འཛིན་པོ་ཊིན་སོགས་ལ་ཉེས་
ཆད་ཐེངས་མང་བཅད་ཀྱང་། ཨུ་རུ་སུས་ད་དུང་ཡང་དམག་མཚམས་མ་བཞག་པར་བརྟེན། ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་མུ་མཐུད་ནས་ཨུ་རུ་སུ་ལ་ཉེས་ཆད་གསར་པ་འགའ་ཞིག་བཅད་དང་གཅོད་བཞིན་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་པ་༨ དང་རེས་གཟའ་ཉི་མའི་ཉིན་ཨ་རི་སྲིད་འཛིན་དང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་ཀྱིས་ཡུག་རེན་གྱི་སྲིད་འཛིན་དང་ལྷན་དུ་དྲྭ་ལམ་ཐོག་འཇལ་འཕྲད་གནང་ནས། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཉེས་ཆད་འགེལ་ཕྱོགས་དང་ཡུག་རེན་ལ་རོགས་རམ་བྱེད་ཕྱོགས་ཐོག་ལ་གྲོས་བསྡུར་བྱས་ཡོད་པའི་སྐོར་དང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་རྒྱུ་དེ་རིམ་བཞིན་མཚམས་འཇོག་བྱེད་རྒྱུའི་ཡིན་པའི་གནས་ཚུལ་སྤེལ་འདུག
གཞན་ཡང་THE ECONOMIC TIMES གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་གཞན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་གཞུང་གིས་ཨུ་རུ་སུ་ལ་ཉེས་ཆད་གསར་པ་འགེལ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། ཐེངས་འདིའི་ཉེས་ཆད་ཀྱི་ནང་དུ་ཨུ་རུ་སུ་དང་བྷེ་ལ་རུ་སིའི་ལས་བྱེད་༢༦༠༠ ལ་ཐོངས་མཆན་མ་སྤྲད་པར་བཀག་སྡོམ་བྱེད་རྒྱུ་དང་། ཨུ་རུ་སུའི་དངུལ་ཁང་ཆེ་ཤོས་གྷ་རྫི་་(Gazprombank) དང་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཆེ་ཁག་གསུམ་གྱི་ཐོག་ལ་ཉེས་ཆད་གསར་པ་འགེལ་རྒྱུ་ཡིན་པའི་ གནས་ཚུལ་སྤེལ་འདུག
ཟླ་འདིའི་ཚེས་༨ ཉིན་ཁ་ན་ཊའི་སྲིད་བློན་(Trudeau) ཡུག་རེན་གྱི་རྒྱལ་ས་ཀེབ་ཏུ་ཕེབས་ནས་ཡུག་རེན་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་སོགས་དང་འཇལ་འཕྲད་གནང་ཡོད་པ་མ་ཟད། ཡུག་རེན་གྱི་རྒྱལ་ས་ཀེབ་ཏུ་ཁ་ན་ཊའི་གཞུང་ཚབ་ཁང་བསྐྱར་དུ་སྒོ་འབྱེད་བྱས་ཡོད་འདུག དེ་བཞིན་ཁ་ན་ཊའི་སྲིད་བློན་གྱིས་ཨ་སྒོར་ས་ཡ་༥༠ ཡིས་ཡུག་རེན་ལ་དམག་དོན་རོགས་རམ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།