ཨ་རི་དང་པོ་དང་བོད་ཀྱི་ཁེ་ཕན།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༤༨ ཀྱི་ཆེད་བརྗོད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རི་དང་པོར་བཟུང་བའི་སྲིད་བྱུས་ལ་བརྟེན། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་སྒོ་ཁྲལ་སྤར་ནས་རྙོག་གླེང་སྣ་ཚོགས་བྱུང་ཡོད་པ་དང་། ཨ་རིའི་སྒོ་ཁྲལ་སྲིད་བྱུས་ཀྱི་ཁ་གཏད་གཙོ་བོ་རྒྱ་ནག་ཡིན་པ་སྔ་རྗེས་སུ་བསྒྲགས་སོང་། ཉེ་ཆར་ཡུ་རོབ་སུད་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཇི་ནི་ཝར་ཨ་རྒྱ་གཉིས་ཀྱིས་གྲོས་མོལ་བརྒྱུད་གནས་སྐབས་ཟླ་གསུམ་རིང་དེ་སྔོན་དང་བསྡུར་ན་སྒོ་ཁྲལ་ཆག་ཡང་བཏང་ནས། ཨ་རིས་རྒྱ་ནག་གི་ཅ་ལག་རྣམས་ལ་སྒོ་ཁྲལ་བརྒྱ་ཆ་༣༠ འགེལ་རྒྱུ་དང་། རྒྱ་ནག་གིས་ཨ་རིའི་ཅ་ལག་རྣམས་ལ་སྒོ་ཁྲལ་བརྒྱ་ཆ་༡༠ ཙམ་གྱིས་འགྲིག་རྒྱུར་མོས་མཐུན་བྱུང་ཡོད་ཚུལ་ཕྱོགས་གཉིས་ཀས་ཕྱིར་བསྒྲགས་བྱས་འདུག ཨ་རིའི་ངོས་ནས་ཚོང་དམག་དང་འབྲེལ་བའི་ཐོག་ནས་རྒྱ་ནག་ལ་ཁ་ཤོམ་གང་མང་བཤད་ཡོད་པ་དང་། རྒྱ་ནག་གི་ངོས་ནས་ཀྱང་དེ་མཚུངས་བཞིན་ཁ་ཤོམ་ལུང་པ་གང་བཤད་ཡོད་ཀྱང་། དོན་དངོས་སུ་ཚོང་དམག་དེ་བརྒྱུད་རིམ་རིང་པོར་འགྲོ་མ་དགོས་པར་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱས་འདུག

ཨ་རི་དང་རྒྱ་ནག་གི་ཚོང་དམག་ལ་བརྟེན་ནས་བོད་ལ་ཁེ་ཕན་ཡོད་མེད་ལྟ་ཚུལ་སྣ་ཚོགས་ཡོད་པ་དང་། ཊོམ་གྱིས་སྒོ་ཁྲལ་ལ་བརྟེན་ནས་རྒྱ་ནག་གི་ནུས་སྟོབས་མེད་པ་བཟོ་ཐུབ་པའི་རེ་བ་རྒྱག་མཁན་མང་ཡང་། དོན་དུ་ཊོམ་གྱིས་ཨ་རི་དང་པོར་འཛིན་པའི་སྲིད་བྱུས་དང་། དེ་ཡང་དཔལ་འབྱོར་ལ་བརྟེན་ནས་ཨ་རི་གཙོ་བོར་འགྱུར་དགོས་པའི་སྲིད་བྱུས་བཟུང་ཡོད། ད་ལྟའི་ཆར་ཡང་དཔལ་འབྱོར་གྱི་ཐོག་ནས་ཨ་རི་གཙོ་བོ་ཡིན་པ་ལས། གཞན་རྒྱལ་ཁབ་སུ་གཅིག་ཀྱང་དཔལ་འབྱོར་གྱི་ཐོག་ནས་ཨ་རི་དང་ཐག་ཉེ་ས་ཙམ་དུའང་སླེབས་ཐུབ་མེད། འོན་ཀྱང་ཡར་རྒྱས་ལ་མཐའ་མེད་པས་ད་དུང་མུ་མཐུད་ཡར་རྒྱས་གཏོང་ཆོག་ནའང་། རིན་ཐང་གི་ཚད་གཞི་དཔལ་འབྱོར་ཁོ་ནར་བཟུང་ན་དོན་དམ་པར་འཛམ་གླིང་ཁྱོན་ཡོངས་ནས་ཨ་རི་གཙོ་བོར་འགྱུར་རྒྱུའི་རེ་བ་ཧ་ཅང་ཕྲ། ཨ་རི་ཁོ་ན་གཙོ་བོར་བཟུང་བའི་སྲིད་བྱུས་འོག་བོད་དོན་དེ་ཨ་རིའི་ཁེ་ཕན་དང་འབྲེལ་བའི་སྒུལ་ཤུགས་སུ་འགྱུར་ཐུབ་ན་རང་བཞིན་གྱིས་བོད་དོན་འཐབ་རྩོད་ལ་ཕན་སྲིད་པ་ལས་གཞན་ཁྱད་པར་ཆེན་པོ་གང་ཡང་མེད།

དཔལ་འབྱོར་ཁོ་ན་གཙོ་བོར་བཟུང་བས་དཔལ་འབྱོར་གྱི་ཁེ་ཕན་ཞིག་མཐོང་བ་དང་། མང་གཙོ་དང་འདྲ་མཉམ་གྱི་ལྟ་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སོགས་གཞི་རྩར་བཟུང་ནས་ཐག་གཅོད་བྱེད་མི་སྲིད་པས། རྒྱ་ནག་དང་ཚོང་དམག་གི་གནས་སྟངས་སྡུག་ཏུ་འགྲོ་སྲིད་པའི་དབང་དུ་བཏང་ཡང་། ཚོང་ལ་བརྟེན་ནས་དཔལ་འབྱོར་གྱི་ཁེ་ཕན་ཞིག་མཐོང་སོང་ན་དུས་ཐུང་ནང་འདུམ་འགྲིག་བྱེད་ངེས་ཡིན་པས། རིན་ཐང་གི་ལྟ་བའི་ཚད་གཞི་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་འཛིན་མཁན་གྱི་རྒྱལ་ཁབ་བམ་འགོ་འཁྲིད་སུ་ཡིན་ཡང་། དོན་དམ་པར་བོད་པ་ལྟ་བུའི་ཉམ་ཆུང་མི་རིགས་རྒྱལ་ཁབ་གཞན་གྱི་བཙན་གནོན་འོག་ཡོད་མཁན་ཞིག་ལ་ལན་དང་རྣམ་སྨིན་ལ་མི་རེ་བའི་རྒྱབ་སྐྱོར་ཞིག་བྱེད་མི་སྲིད་པ་རེད། དཔེར་ན་ཡུག་རེན་ལ་གནོན་ཤུགས་སྤྲད་ནས་ཤིན་ཏུ་དཀོན་པའི་གཏེར་རྫས་ཨ་རིར་མ་བཙོང་ཐབས་མེད་བཟོས་རྗེས། ར་ཡུག་གཉིས་ཀྱི་དམག་འཁྲུག་འདུམ་འགྲིག་ལས་ཟུར་གཡོལ་བྱས་ཀྱང་། མུ་མཐུད་ར་ཤི་ཡའི་ཁེ་ཕན་ཆེད་ཡུག་རེན་ལ་གནོན་ཤུགས་སྤྲོད་བཞིན་ཡོད།

ཨ་རིའི་སྲིད་འཛིན་སུ་ཡིན་གྱིས་བོད་དོན་ལ་དམིགས་བསལ་ཁྱད་པར་ཆེན་པོ་མེད། ད་ཆ་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་བརྩི་གི་མེད་པ་ལྟ་བུ་དང་། ཐའེ་ཝན་རང་བཙན་ཡིན་པ་ལྟ་བུའི་རྣམ་འགྱུར་བསྟན་ཡང་། ཨ་རིས་རྒྱ་ནག་དང་འབྲེལ་བ་བྱས་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཞིག་རག་སོང་ན་ཐའེ་ཝན་བློས་གཏོང་བྱེད་ངེས་རེད། ཨུ་རུ་སུས་ཡུ་རོབ་ཤར་མའི་རྒྱལ་ཁབ་མང་པོ་ཞིག་དབང་བསྒྱུར་བྱེད་སྐབས། ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་གསོག་འཇོག་བྱེད་ཡུལ་ཡུག་རེན་ཡིན་པ་དང་། ཨུ་རུ་སུ་ཁ་འཐོར་རྗེས་རྡུལ་ཕྲན་མཚོན་ཆ་ཡུག་རེན་དུ་ཡོད་ཀྱང་། ཨ་རི་དང་། ར་ཤི་ཡ་གཉིས་ཀྱིས་འཇམ་མཁས་བསླུ་བྲིད་ཀྱིས་རྡུལ་ཕྲན་མཚོན་ཆ་དེ་དག་ར་ཤི་ཡར་སྤྲད་དགོས་བྱུང་བ་དང་། མ་འོངས་པར་ཡུག་རེན་གྱི་སྲུང་སྐྱོབ་ར་ཤི་ཡ་དང་ཨ་རིས་མཉམ་དུ་བྱ་རྒྱུའི་ཆིངས་ཡིག་བཞག་ཡོད་ཀྱང་། ཕྱི་ལོ་༢༠༡༤ ལོར་ར་ཤི་ཡའི་དམག་དཔུང་གིས་ཡུག་རེན་གྱི་ས་ཁུལ་ཁེར་མེ་ཡ་ (Χριμεα) བཙན་བཟུང་བྱས་པར་ཨ་རིས་ཆིངས་དོན་བཞིན་ཡུག་རེན་ལ་སྲུང་སྐྱོབ་གང་ཡང་བྱས་མེད།

མདོར་ན་ཨ་རི་སོགས་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་སུ་ཡིན་ཡང་རྒྱལ་ཁབ་གཞན་གྱི་ལས་དོན་རང་ཉིད་ཀྱི་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་མིན་ན་འགྲོ་བ་མིའི་ཐོབ་ཐང་དང་། ཆེ་བས་ཆུང་བར་ཐུབ་ཚོད་གཏོང་དུ་འཇུག་མི་རུང་བའི་བསམ་ཚུལ་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཞིག་ད་ལྟའི་ཆར་ཧ་ལམ་མེད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ནི་བརྗོད་གཞི་རྙིང་པ་ཞིག་ཏུ་གྱུར་ནས་སྲུང་སྐྱོབ་བྱེད་མཁན་ཡང་ཧ་ལམ་མེད་པ་ལྟ་བུར་གྱུར་ཡོད། ཟླ་གསུམ་གྱི་རྗེས་ཨ་རྒྱ་གཉིས་ཀྱི་ཚོང་དམག་མུ་མཐུད་དུ་གནས་པ་དང་། གལ་སྲིད་རྒྱ་ནག་འཐོར་ཞིག་ཏུ་འགྱུར་སྲིད་པའི་དབང་དུ་བཏང་ཡང་ད་ལྟའི་གནས་སྟངས་ལ་བལྟས་ན་བོད་པས་རྙེད་དཀའ་བའི་གོ་སྐབས་བཟང་པོ་དེ་ཡང་དམ་འཛིན་ཐུབ་མིན་བཤད་དཀའ་བ་མ་ཟད། བོད་ལ་རང་དབང་རང་བཙན་མེད་པའི་སེམས་ཚོར་ཙམ་ཡོད་མཁན་གྱི་མི་སྣའང་དཀོན་དུ་འགྱུར་བཞིན་ཡོད་པས། ཕྱོགས་གང་ནས་བལྟས་ཀྱང་བཟང་ཕྱོགས་ཀྱི་རེ་བ་ཧ་ཅང་ཆུང་དུ་སོང་འདུག།