ཨ་རི་དང་འཇར་མན་ནི་ཡིས་ཡུག་རེན་ལ་མཁའ་དམག་གནམ་གྲུ་སྤྲད་རྒྱུ་མིན་ཞེས་བརྗོད་འདུག

ཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འཇར་མན་ནི་དང་ཨ་རི་ཡིས་ཡུག་རེན་ལ་མཁའ་དམག་གནམ་གྲུ་མཁོ་སྤྲོད་བྱེད་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག

འདས་པའི་བདུན་ཕྲག་མང་པོའི་རིང་མཐུན་གྲོགས་རྒྱལ་ཁབ་ཚོས་འཇར་མན་ནི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་སྤྲད་དགོས་པའི་གནོན་ཤུགས་ཆེན་མོ་སྤྲད་ཡོད་པ་དང་། འཇར་མན་ནི་ཡིས་གནས་དོན་དེའི་ཐོག་ཡུན་རིང་ཐེ་ཚོམ་བྱས་པའི་རྗེས། ཟླ་འདིའི་ཚེས་༢༤ ཉིན་འཇར་མན་ནི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་༡༤ སྤྲད་རྒྱུ་ཁས་ལེན་བྱས་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་གྱིས་ཀྱང་འཇར་མན་ནི་ནས་ཉོས་པའི་ཁྲབ་ལྡན་འཐབ་འཁོར་དག་ཡུག་རེན་ལ་མཁོ་སྤྲོད་བྱེད་ཆོག་པའི་བཀའ་འཁྲོལ་གནང་ཡོད། དེ་དང་དུས་མཚུངས་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཀྱང་ཨ་རིས་བཟོ་སྐྲུན་བྱས་པའི་དེང་རབས་ཀྱི་ཁྲབ་ལྡན་འཐབ་འཁོར་༣༡ ཡུག་རེན་ལ་སྤྲད་རྒྱུའི་ཆོག་མཆན་སྤྲད་ཡོད།

ཟླ་འདིའི་ཚེས་༣༠ ཉིན་CNN གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥ་རན་སི་ལ་ཡོད་པའི་ཡུག་རེན་གྱི་གཞུང་ཚབ་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁྲབ་ལྡན་འཐབ་འཁོར་༣༢༡ སྤྲད་རྒྱུ་ཁས་ལེན་བྱས་སོང་ཞེས་བརྗོད་ཡོད་ཀྱང་རྒྱལ་ཁབ་དེ་དག་གང་ཡིན་གསལ་བོ་བརྗོད་མེད་པ་རེད་འདུག ཡུག་རེན་ལ་མཚོན་ཆ་མཁོ་སྤྲོད་བྱས་པའི་ཐོག་ལ་བྱང་ཀོ་རི་ཡས་ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ས་མཚམས་རྒལ་གྱི་འདུག་ཅེས་སྐྱོན་བརྗོད་ཀྱང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རི་དང་འཇར་མན་ནི་ཡིས་ཡུག་རེན་ལ་ཁྲན་ལྡན་འཐབ་འཁོར་སྤྲད་པར་ཡུག་རེན་སྲིད་འཛིན་གྱིས་ཨ་རི་དང་འཇར་མན་ནིའི་གཞུང་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་རེན་གྱིས་ཨུ་རུ་སུ་ལ་ཁ་གཏད་དང་ཕྱིར་སྐྲོད་གཏོང་རྒྱུའི་ཆེད་དུ་མཁའ་དམག་གནམ་གྲུ་དང་རྒྱང་རིང་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའི་རིགས་གང་མང་གནང་རྒྱུའི་འབོད་བསྐུལ་ཞུས་ཡོད་འདུག

ཟླ་འདིའི་ཚེས་༢༩ ཉིན་འཇར་མན་ནི་སྲིད་འཛིན་ལ་གནས་དོན་དེ་དང་འབྲེལ་བའི་ཐོག་བཅར་འདྲི་ཞིག་བྱེད་པའི་ཚེ། འཇར་མན་ནི་སྲིད་འཛིན་ཨོ་ལེ་ཧྥོ་(Olaf Scholz) གྱིས་ཡུག་རེན་ལ་མཁའ་དམག་གནམ་གྲུ་སྤྲད་རྒྱུ་མིན་ཞེས་བརྗོད་ཡོད་འདུག་ལ། ཁོང་གིས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་དེ་ནི་ཁས་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་། ཨུ་རུ་སུས་དམག་དཔུང་ཕྱིར་འཐེན་བྱས་ན་ད་གཟོད་ད་ལྟའི་དམག་འཁྲུག་གི་གནས་བབས་དེ་ཐག་གཅོད་བྱེད་ཐུབ་ཀྱི་རེད་ཅེས་བརྗོད་ཡོད་འདུག འཇར་མན་ནིའི་སྲིད་འཛིན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་འབྲེལ་བ་ཡང་ཡང་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཉིས་ཀྱི་སྲིད་འཛིན་བར་འབྲེལ་བ་མཐའ་མ་དེ་ལོ་སྔོན་མའི་ཟླ་བ་བཅུ་གཉིས་ནང་བྱས་ཡོད་འདུག

ཟླ་འདིའི་ཚེས་༣༠ ཉིན་གསར་འགོད་པ་ཞིག་གིས་ཨ་རིའི་གཞུང་གིས་ཡུག་རེན་ལ་མཁའ་དམག་གནམ་གྲུའི་རོགས་རམ་བྱེད་རྒྱུ་ཡིན་མིན་དྲིས་པའི་སྐབས་སུ། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་མཁའ་དམག་གནམ་གྲུའི་རོགས་རམ་བྱེད་རྒྱུ་མིན་ཞེས་བརྗོད་ཡོད་འདུག

ཡུག་རེན་གྱིས་འདས་པའི་ཟླ་བ་མང་པོའི་རིང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཁྲབ་ལྡན་འཐབ་འཁོར་རག་ཐབས་ཀྱིས་ད་ལྟའི་ཆར་གང་འཚམ་ཞིག་རག་བཞིན་ཡོད་པས་ད་ལྟའི་ཆར་ཡུག་རེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་ནས་མཁའ་དམག་གནམ་གྲུ་རག་ཐབས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།