ཨ་རི་དང་འཛམ་གླིང་གི་ཁ་ཕྱོགས།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༧ གྱི་ཆེད་བརྗོད།)

ཉེ་ཆར་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་གཞི་སྲིད་འཛིན་ལས་ཐོག་ཇོ་བྷ་ཌན་དགོངས་པ་ཞུས་ཤིང་། ཁོང་གིས་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་(Καμαλα Ηαρρισ)མང་གཙོ་ཚོགས་པའི་སྲིད་འཛིན་འོས་གཞི་རུ་དམིགས་འཛུགས་གནང་འདུག་ཀྱང་། ད་དུང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་གཞིར་ཡོངས་སུ་གཏན་ཁེལ་བྱུང་མེད་པར། གཞན་ཞིག་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལངས་མི་སྲིད་པའང་མིན། སྤྱི་མཐུན་ཚོགས་པའི་འོས་གཞི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གཏན་ཁེལ་བྱུང་ཞིང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་གཞིར་སུ་གཏན་ཁེལ་བྱུང་ཡང་། ཌོ་ནལ་ཊམ་དང་རྒྱལ་ཕམ་རྩོད་དགོས་པ་རེད། ཨ་རི་ནི་ད་ལྟའི་ཆར་རྒྱལ་སྤྱིའི་སྟེང་དུ་སྣེ་ཁྲིད་མཁན་ནམ། ཁ་ཕྱོགས་སྒྱུར་མཁན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཨ་རི་མེད་ན་རྒྱ་ནག་དང་ར་ཤི་ཡའི་ཕྱོགས་གཏོགས་དང་བཅས་པས་འཛམ་གླིང་ཁ་ཕྱོགས་གཞན་ཞིག་ཏུ་འཁྲིད་ངེས་ཤིང་། ལྷག་པར་དུ་བོད་པ་ལྟ་བུ་རང་བཙན་ཤོར་མཁན་དག་ལ་དཀའ་ངལ་འཕྲད་ངེས་རེད།

བོད་ཀྱི་གནད་དོན་ཐོག་ནས་ཨ་རིའི་སྲིད་འཛིན་དང་སྲིད་གཞུང་སུ་སླེབས་ཀྱང་གནས་སྐབས་ཁྱད་པར་ཆེན་པོ་མེད་པར། མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་གང་འཚམ་ཞིག་བྱེད་བཞིན་པ་ཡིན་པས། ཁྱད་པར་ཆེན་པོ་ཞིག་འགྲོ་རྒྱུའི་ཉེན་ཁ་མེད། འོན་ཀྱང་རྒྱ་དམར་གཞུང་ལ་བསྟུན་མཁས་ཀྱི་ཐོག་ནས་འབྲེལ་བ་འཛིན་རྒྱུའི་སྲིད་བྱུས་སུས་བཟུང་བ་ཡིན་ནའང་། ཤུགས་མ་ཐུབ་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཞན་དུ་འགྲོ་ངེས་རེད། ཌོ་ནལ་ཊམ་སྲིད་འཛིན་ཡིན་སྐབས་རྒྱ་ནག་དང་ཚོང་དམག་རྒྱག་རྒྱུའི་འགོ་འཛུགས་བྱས་ཡོད་པ་དང་། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་༡༩ པ་རྒྱ་ནག་ནས་ཁྱབ་སྤེལ་བྱུང་རྗེས་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་ལྟ་སྟངས་སྡུག་ཏུ་སོང་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་ལའང་ཉམས་ཆག་ཆེན་པོ་བྱུང་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གིས་གདོང་ལེན་དང་རྒྱལ་སྤྱིའི་ཐོག་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐབས་ཤེས་སྣ་ཚོགས་བྱེད་བཞིན་པའི་སྐབས་རེད།

རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་དུ་གོ་སྐབས་འཚོལ་བཞིན་པའི་སྐབས་འདིར། ཨ་རིས་རང་འགོ་གང་ཐོན་ལས་འཛམ་གླིང་གི་ཁ་ཕྱོགས་ལ་དམིགས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་ཐབས་ཤེས་མ་བྱས་པར། བྱང་ཆིངས་སྒྲིག་འཛུགས་(ΝΑΤΟ)དང་། ཡུ་རོབ་མཐུན་ཚོགས་སོགས་ཨ་རིའི་མཐུན་ཕྱོགས་དག་སྣང་མེད་དུ་བཏང་ན། ཨ་རི་སྟོབས་ཆེན་ཆགས་རྒྱུའི་ཚབ་ཏུ་རྒྱ་ནག་དང་ར་ཤི་ཡའི་དཔུང་ཁག་ལ་ཁེ་ཕན་ཆེན་པོ་འཐོབ་རྒྱུའི་ཉེན་ཁ་ཡོད། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་མི་དང་། བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ནང་དུའང་རྒྱ་ནག་དང་། ར་ཤི་ཡར་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་བསམ་ཚུལ་མངོན་གསལ་དུ་ཡོད་མཁན་སྲིད་གཞུང་ཁ་ཤས་ཡོད་པས། ཨ་རིས་ནུས་ཤུགས་ཆེན་པོ་མ་བཏོན་པར་རང་འགོ་གང་ཐོན་བྱས་ན་མཐུན་ཕྱོགས་ཀྱི་དཔུང་ཁག་འཐོར་རྒྱུའམ། ནུས་ཤུགས་ཞན་དུ་འགྲོ་ངེས་ཡིན་པ་སྨྲོས་མེད་རེད། དེར་བརྟེན་ད་ལྟའི་ཆར་འཛམ་གླིང་གི་ཁ་ཕྱོགས་ཐོག་ནས་ཨ་རིའི་སྟོབས་ཤུགས་ནི་མེད་ཐབས་མེད་པའི་ནུས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

འཛམ་གླིང་གི་མི་འབོར་ཆེ་ཤོས་དང་དཔལ་འབྱོར་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་རྒྱ་གར་ལ་མཚོན་ན། ད་ཆ་ཕྱོགས་གང་སར་བསྟུན་མཁས་དང་ཁེ་ཕན་ལེན་ཐབས་བྱ་རྒྱུ་ལས། རང་གི་ནུས་ཤུགས་གང་ཡོད་འཛམ་གླིང་གི་ཆེད་འབུལ་རྒྱུའི་སེམས་ཤུགས་མེད་པ་དང་། རྒྱ་གར་མི་མང་ཡང་མི་སྒེར་སོ་སོའི་ཁེ་ཕན་ཁོ་ནའི་ཆེད་མ་གཏོགས་རྒྱ་གར་རྒྱལ་ཁབ་དང་། རྒྱལ་ཁབ་དེའི་ཁོར་ཡུག་ལ་བསམ་བློ་གཏོང་མཁན་དཀོན་པས། མ་འོངས་པར་རྒྱ་ནག་དང་ར་ཤི་ཡའི་མཐུན་ཕྱོགས་ལ་རྒྱལ་ཁ་ཐོབ་སོང་ན་རྒྱ་གར་ཡང་དེ་དང་ཉེ་པོ་ཆགས་ངེས་ཡིན་པ་ནི། གྲང་དམག་གི་སྐབས་ནས་ད་བར་གྱི་གནས་སྟངས་ལ་བལྟས་ན་རོབ་ཙམ་ཤེས་ཐུབ། གང་ལྟར་ཨ་རིས་འཛམ་གླིང་གི་སྣེ་ཁྲིད་པ་བྱེད་རྒྱུའི་གྲ་སྒྲིག་མུ་མཐུད་མ་བྱས་པར། ཨ་རིའི་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་དམིགས་པའི་སྲིད་བྱུས་བཟུང་བ་ཡིན་ན། མ་འོངས་པར་སའི་གོ་ལ་ཧྲིལ་པོའི་ཁྱོན་དུ་རྒྱ་ནག་གིས་གང་བྱེད་ཆགས་རྒྱུའི་འཆར་གཞི་དང་འབད་བརྩོན་བྱེད་བཞིན་པ་ལྟར། དོན་དངོས་སུའང་དེ་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད།

མདོར་ན་བོད་དོན་འཐབ་རྩོད་དང་རྒྱལ་སྤྱིའི་ཁ་ཕྱོགས་བར་འབྲེལ་བ་ཆེན་པོ་ཡོད་པ་དང་། རྒྱ་ནག་རྒྱལ་སྤྱིའི་སྣེ་ཁྲིད་པ་ཆགས་སྲིད་པའི་དབང་དུ་བཏང་ན། དུས་དེ་ནས་བཟུང་བོད་དོན་ཟེར་བ་རྒྱལ་སྤྱིའི་སྟེང་ནས་བརླག་ངེས་པ་དང་། བོད་ནང་དུ་ཆོས་དང་རིག་གནས་རྒྱུན་འཛིན་གྱི་རེ་བ་དེའང་ཉེ་ཆར་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབ་པ་ལྟ་བུས་མཚོན། གནས་ཚུལ་མང་པོ་ཞིག་བོད་ས་སྟོད་སྨད་བར་གསུམ་གང་སར་བྱུང་ཡོད་པ་དང་། དོ་སྣང་དང་ཁྱབ་བསྒྲགས་བྱེད་སྟངས་མ་འདྲ་བ་ཙམ་ལས་དོན་དུ་རྒྱ་གཞུང་གི་ཆོག་མཆན་ཡོད་པའི་སྒེར་བཙུགས་སློབ་གྲྭ་བརྒྱ་ཕྲག་ཁ་ཤས་སྒོ་བརྒྱབས་ཟིན་པའི་གནས་ཚུལ་འདས་པའི་ལོ་ཤས་ནང་བྱུང་ཡོད། དགོན་པའི་ནང་དུ་དམར་ཤོག་གི་སློབ་གསོ་རྒྱུན་དུ་སྤེལ་བཞིན་ཡོད་པ་སོགས། དབུ་མའི་ལམ་གྱི་རེ་བ་དང་དམིགས་ཡུལ་གང་ཐད་ནས་བར་ཐག་རིང་དུ་གྱུར་ཟིན། དེ་བས་ཀྱང་ཡིད་སྐྱོ་བ་ཞིག་ལ་བཙན་བྱོལ་བོད་མི་རྣམས་བོད་དོན་འཐབ་རྩོད་དང་བར་ཐག་རིང་དུ་འགྱུར་བཞིན་པ་ནི་འཐབ་རྩོད་ཀྱི་གྱོང་གུད་ཆེ་ཤོས་སུ་གྱུར་ཡོད།།